略谈依佛教不伤害行为如何报母恩

发布时间: 2018-03-29 09:22:00 来源: 旦增朗杰

【内容摘要】佛教理论所阐述的如法见行中,清净德行的根基乃为“识母思想。因此本文着重论述母亲如何深爱与养育儿女,以及儿女应当如何报答养育之恩等内容,并结合当代社会现象进行佐证。”

 关键词:父母、慈悲、恩德、善行、报恩

གཅིག བོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ”དང་འབྲེལ་བའི་གླེང་གཞི།

སྤྱིར་ན་རིག་གནས་དང་ཆོས་ལུགས་གང་ཞིག་ཡིན་རུང་དུས་རབས་ཀྱི་འགྱུར་བགྲོས་དང་། སྤྱི་ཚོགས་ཀྱི་དགོས་མཁོ་དངོས་དང་མ་འཚམས་ཤིང་དངོས་ཡོད་ཀྱི་འགྲོ་བ་མིའི་རིགས་ལ་ཕན་ཐོགས་མེད་ན་གཞི་རྩའི་ཁུངས་བཙུན་རབས་དང་དོན་བཟང་རབས་ཇི་ཙམ་ཞིག་གླེང་ནའང་།  གླེང་བ་ཙམ་དུ་མ་ཟད་མཐར་དེད་ན་ཨུ་ཚུགས་རང་འདོད་ཙམ་ལས་མ་འདས་མོད།  ང་ཚོ་མཐོ་སྒང་བོད་ལྗོངས་སུ་དར་བའི་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཆེན་མོ་འདི་ཉིད་དར་ནས་དུས་ཡུན་རིང་པོ་ཞིག་ཕྱིན་ཟིན་རུང་། དེང་གི་དུས་རབས་ཉེར་གཅིག་པའི་དུས་འདི་ལ་ཡང་ད་དུང་རྗེས་ལུས་ཀྱི་རྣམ་པ་ཞིག་མ་ཡིན་པར། སྔོན་ཐོན་གྱི་རྒྱལ་ཁབ་དང་ས་ཁུལ་མང་པོར་རྒྱ་ཁྱབ་དང་དགེ་ཕན་མིག་མཐོང་ལག་ཟིན་གྱི་ཚོད་དུ་འགྲོ་བཞིན་ཡོད་པ་འདི་ནི་དགའ་འོས་པ་ཞིག་ཡིན་ལ་དེའི་རྒྱུ་མཚན་ཡང་། ཆོས་ལུགས་འདི་ནི་གཞི་རྩའི་ཆ་ནས་གནའ་རབས་དང་དེང་རབས་གང་ལ་སྦྱར་ནའང་། འགྲོ་བ་མིའི་རིགས་སྤྱི་ལ་ཕན་པའི་ལྟ་སྤྱོད་གཙང་མ་དང་།  འཚེ་མེད་ཞི་བདེ། འཆམ་མཐུན་མཉམ་གནས་ཀྱི་ཆོས་ལུགས་བཟང་པོ་ཞིག་ཡིན་པའི་བདེན་དཔང་བྱས་ཡོད། རྒྱ་ཆེ་ཞིང་གཏིང་ཟབ་པའི་གཞུང་ཆེན་མོ་ཁག་གི་དགོངས་དོན་ལས་ད་ལྟའི་དུས་བབ་དང་། སྤྱི་ཚོགས་དངོས་ཀྱི་འཚོ་བའི་ནང་དུ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་ལྟ་སྤྱོད་གཙོ་ཆེ་བ་རྣམས་རིམ་པས་ཟུར་དུ་བཀར་ཏེ། རང་གིས་ཉམས་ལེན་བྱས་པའི་ཐོག དགོས་པ་སྐབས་བསྟུན་གྱིས་གཞན་ལའང་སྒྲོག་འགྲེལ་དང་ཁྱབ་སྤེལ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་ཆོས་ལུགས་མི་སྣའི་སྒྲུབ་འོས་པའི་འགན་འཁྲི་དང་།  དེ་འདྲའི་སྤྱི་ཚོགས་ལ་ཕན་པའི་ལེགས་སྐྱེས་འབུལ་རྒྱུ་ནི་སོ་སོའི་འགན་དབང་ཡིན། དེ་དང་འབྲེལ་བར་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གིས་གཙོ་གཉེར་གནང་བའིབོད་བརྒྱུད་ནང་བསྟན་གྱི་དགོངས་འགྲེལ་ནི་དུས་སུ་བབས་པའི་ཆར་དང་།  སྐབས་སུ་བབ་པའི་གཏམ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེ་ལས་ད་ལྟའི་དུས་འདིར་མི་ཕལ་མོ་ཆེ་ཞིག་ཕྱི་དངོས་པོའི་དཔལ་ཡོན་ལ་འདོད་སྲེད་ཧ་ཅང་ཐལ་དྲགས་པ་དང་། དེ་བཞིན་གཞན་ལའང་འགྲན་སེམས་དང་ངན་སེམས་སོགས་ཀྱི་འདོད་རྔམ་མེ་ལྟར་འབར་བའི་འོག  མི་དང་མི་ཡི་བར་དང་།  ཚོགས་པ་དང་ཚོགས་པའི་བར།  རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར།  ཐ་ན་ཕ་མ་དང་བུ་རྒྱུད་ཀྱི་བར་ལའང་གཅིག་གིས་གཅིག་ལ་བརྩེ་སེམས་དང་དྲིན་ལན་འཇལ་རྒྱུ་སོགས་སྣང་མེད་དུ་དོར་ཏེ། གནོན་ཐུབ་ན་ཕ་མགོ་ཡིན་ཡང་རྡུང་།  ཁེ་རག་ན་མཆན་གྱི་བུ་ཡང་འཚོང་།  ཟེར་བའི་དཔེ་ལྟར་ཆེས་འཇིགས་སུ་རུང་བའི་ཀླ་ཀློའི་རྟུལ་ཞུགས་འཛིན་པའི་ཁོར་ཡུག་ལ་ལྟོས་ན།   ནང་པའི་གཞུང་ནས་བསྟན་པའི་འགྲོ་ཀུན་མ་རུ་ཤེས་པའི་མན་ངག་རྒྱུད་ཐོག་ཏུ་སྦྱར་ཏེ། «དབུ་མ་བདེན་གཉིས»ལས། བྱམས་དང་སྙིང་རྗེ་ཆེན་པོ་ནི། །ཀུན་གྱི་གཞི་གྱུར་བསྒོམ་པར་བྱ། །  ཞེས་པའི་བསྟན་དོན་རིས་མེད་མ་གྱུར་འགྲོ་བའི་ཚོགས་ལ་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སྒོམ་པའི་སྤྱོད་པ་རླབས་པོ་ཆེ་འདི་ནི།  རྟེན་སྐྱ་སེར་དང་དབང་པོ་རྣོ་རྟུལ་སོགས་ཀྱི་ཁྱད་མེད་པར། ཀུན་ལ་དགོས་པའི་དུས་དང་མཁོ་བའི་ཉག་ལ་བབ་པའི་ཟབ་གདམས་དཀར་པོ་གཅིག་ཐུབ་ལྟ་བུའི་མན་ངག་ཁྱད་པར་འཕགས་པ་ཞིག་དོན་གྱི་གནས་ལུགས་ཀྱིས་གྲུབ། སྟོན་པ་སངས་རྒྱས་ཀྱི་རྗེས་སུ་ཞུགས་ཤིང་རྣམ་གྲོལ་དོན་དུ་གཉེར་བའི་སྐྱེས་བུ་གང་ཞིག་ཡིན་རུང་།  གདུལ་བྱའི་བློ་ཚོད་དང་།  བསལ་བྱའི་ཉོན་མོངས་སོགས་ལ་ལྟོས་པའི་ཉམས་སུ་བླང་བྱའི་དོན་ལ་རྒྱ་ཆེ་ཞིང་གྲངས་མང་ནའང་།  «ཡེ་ཁྲི་ལ་ཟློའི་བམ་པོ»ལས།  ཤེས་རབ་དང་ནི་སྙིང་རྗེ་ཡི། །དོན་གཉིས་ཆེ་ན་ཐེག་པ་ཆེ། །དོན་གཉིས་ཆུང་ན་ཐེག་པ་ཆུང་། །[ ཞེས་གསུངས་པ་ལྟར།  གཞི་རྩའི་ཐེག་པ་ཆེ་ཆུང་གི་འཇོག་བྱེད་ཀྱང་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་།  རྒྱ་ཆེ་བའི་ཐབས་བརྩེ་བ་སྙིང་རྗེ་ཆེན་པོ་གཉིས་ཟུང་དུ་འབྲེལ་དགོས་པ་རིག་གཞུང་གི་བབ་ལུགས་ལྟར།  འདིར་གཞུང་དེ་དག་དང་འབྲེལ་བའི་སྒོ་ནས་བརྩེ་བ་སྙིང་རྗེ་ཆེན་པོ་དེ་ཉིད་ཐོག་མར་རང་གི་ཨ་མ་དྲིན་ཆེན་ལ་དམིགས་པའི་སྒོ་ནས་ཇི་ལྟར་སྒོམ་དགོས་པའི་སྐོར་ཞིག་ལུང་དང་རིགས་པ་ཟུང་འབྲེལ་གྱི་ཐོག་ནས་ངོ་སྤྲོད་མདོར་བསྡུས་ཤིག་ཞུ་བར་བྱའོ། །

གཉིས།  སེམས་ཅན་ཐམས་ཅད་མ་རུ་ཤེས་པར་བྱ་བ།

དེ་ཡང«དྲིན་ལན་འབུམ་གྱི་བསབས་མདོ»ལས། ལུས་བསྐྱེད་དྲིན་ཆེན་ཕ་མ་དང་།  སེམས་བསྐྱེད་བླ་མ་སློབ་དཔོན་དང་།    ཞེས་གསུངས་པ་ལྟར། མི་ཞེས་པའི་མཐོ་རིམ་སྲོག་ཆགས་འདི་ཉིད་གཞི་རྩར་འབྱུང་བའི་རྡུལ་ལས་གྲུབ་པའི་ལུས་དང་དཔྱོད་ཤེས་ཀྱི་སེམས་རིག་གཉིས་ཕན་ཚུན་རྟེན་དང་བརྟེན་པའི་སྒོ་ནས་གྲུབ་པ་དང་།  དེ་འདྲའི་རྟེན་ཁྱད་པར་ཅན་དེ་ཡང་རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན་པར། ཕྱི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་བཀའ་དྲིན་ཅན་གྱི་ཕ་དང་མ་ཡིས་བསྐྱེད་ཅིང་། ནང་ལེགས་ཉེས་བླང་དོར་དཔྱོད་པའི་ཤེས་རབ་ནི་མཁན་སློབ་བམ་དྲིན་ལྡན་དགེ་བའི་བཤེས་ཀྱིས་བསྐྱེད་པ་ལས་བྱུང་བ་ཡིན།  དེ་ཡང་སྤྱིར་ཚེ་ལུས་གཅིག་ལ་བསམ་ན་ཕ་མ་རེ་རེ་ལས་མི་སྲིད་པ་ལྟ་བུ་ཞིག་ཡིན་མོད།  ནང་པའི་གཞུང་ལུགས་ཀྱི་བསྟན་དོན་ལ་དཔྱད་ན་ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་ཐབས་སུ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སྒྲུབ་ཚུལ་ཞིག་ཡོད་པ་ནི། བླ་ཆེན་དྲན་པས་མཛད་པའི«དྲང་དོན་མུན་སེལ་སྒྲོན་མ»ལས།  ལྷོ་ཡི་འཛམ་བུ་གླིང་དང་ཁམས་གསུམ་སེམས་ཅན་ལ། །བདག་གིས་གནས་ངན་སྣ་ཚོགས་བརྒྱུད་པ་ཡིས། །འགྲོ་དྲུག་ཕ་དང་མ་རུ་མ་གྱུར་གཅིག་མ་མཆིས། །སེམས་ཅན་སྐྱེ་འགུལ་ཐམས་ཅད་ཕ་མའི་རང་བཞིན་ལ། །སྙིང་རྗེ་བྱམས་དགའ་བཏང་སྙོམས་རྩེ་གཅིག་བསྒོམ། །དེ་ལ་བརྟེན་ནས་ལྷག་པའི་བྱང་ཆུབ་སེམས་ཀྱང་སྐྱེ། ། ཞེས་གསུངས་པ་ལྟར།  རང་ཉིད་ཐོག་མ་མེད་པའི་དུས་ཤིག་ནས་ལས་ཉོན་གཞན་དབང་གིས་གནས་མཐོ་དམན་དང་ལུས་བཟང་ངན་འདི་མ་བླངས་ཞེས་པ་ཞིག་གཏན་ནས་མེད་ཅིང་དེའི་ཚེ་ན། དཔེར་ན་ནས་འབྲུ་ཕོར་པ་གང་གི་ནང་དུ་སྲན་མ་རྡོག་གཅིག་བཞག་སྟེ་ཡུན་རིང་པོར་ལག་པས་ཕོར་པ་དེ་ཉིད་བསྐོར་བསྐོར་བ་ན་སྲན་རྡོག་གཅིག་དེ་སྐབས་འགར་སྟེང་དང་།  སྐབས་འགར་འོག་ཏུ་འགྲོ་ཞིང་ནམ་ཞིག་སྲན་མ་དེ་དང་མ་འཕྲད་པའི་ནས་འབྲུ་གཅིག་ཀྱང་མི་ལྷག་པ་བཞིན།  ཕོར་པ་དེ་ནི་ཁམས་གསུམ་འཁོར་བའི་གནས་ཀྱི་དཔེ་དང་།  ནང་གི་ནས་འབྲུ་རྣམས་ནི་སེམས་ཅན་གཞན་གྱི་དཔེ།  སྲན་རྡོག་གཅིག་ནི་གང་ཟག་རང་གི་དཔེ།  ལག་པས་ཕོར་པ་བསྐོར་བ་ནི་ལས་ཉོན་གཞན་དབང་གིས་ཤིང་རྟའི་འཁོར་ལོའམ་ཟོ་ཆུན་རྒྱུན་མ་ལྟར་འཁོར་བའི་དཔེ།  དེ་ལྟར་བསྐོར་བས་སྲན་རྡོག་མ་འཕྲད་པའི་ནས་འབྲུ་མེད་པ་ནི་འཁོར་བའི་གནས་སུ་སྐྱེས་ཚེ་སེམས་ཅན་གཞན་མ་རྣམས་དང་མ་འཕྲད་པ་མེད་པའི་དཔེ་དང་དེ་ཡང་རང་གི་ཕའམ་མ་རུ་མ་གྱུར་པའི་དཔེའོ།  །འདི་ལ་འགའ་ཡིས།  དེ་འདྲའི་སེམས་ཅན་ཐམས་ཅད་ཕ་མར་ཡིན་པའི་རྒྱུ་མཚན་ལྟར་ན། སེམས་ཅན་ཐམས་ཅད་རང་གི་དགྲ་ཡང་ཡིན་ཆོག་པས།  ད་ལྟའི་མ་སོགས་སེམས་ཅན་ཀུན་དགྲ་རུ་བསྒོམ་དགོས་པར་འགྱུར་ཏེ།  གོང་གསལ་ལྟར་སྐྱེ་བ་གྲངས་མེད་བླངས་ཚེ་སྐབས་སྐབས་སུ་དགྲ་རུ་གྱུར་པ་ཡང་ཡོད་པའི་ཕྱིར་ཞེས་སྔར་མེད་གསར་བཏོད་ཀྱི་རིག་པ་བྱེད་མོད། །དེ་ལ་སྐབས་སྐབས་སུ་ཕ་མར་གྱུར་པ་དང་།  སྐབས་གཞན་དུ་དགྲ་རུ་གྱུར་པ་ནི་སྔ་མོ་ནས་དམ་པ་གོང་མ་དག་གིས་གཟིགས་ཤིང་གསུངས་ཟིན་པ་སྟེ།   དཔེར་ན།  སྔོན་འཕགས་པ་ཀ་ཏ་ཡ་ན་བྱ་བ་བསོད་སྙོམས་ལ་ཕེབ་པས་ཁྱིམ་བདག་མོ་ཞིག་གིས་བུ་ཞིག་པང་ན་བཟུང་།  ཉ་ཤ་ཞིག་ཞིམ་ཞིམ་ལྟར་ཟ།  མདུན་དུ་ཁྱི་མོ་ཞིག་གིས་རུས་པ་འཆའ་བ་ལ་རྡོས་བརྡེག་པ་ལ་འཕགས་པས་མངོན་ཤེས་ཀྱིས་གཟིགས་པས།  ཉ་དེ་སྐྱེ་བ་ད་རེས་ཀྱི་ཕ་དང་།  ཁྱི་མོ་དེ་མའི་སྐྱེ་བ་ཡིན་ཞིང་།  ཚེ་སྔོན་རང་གསོད་མཁན་གྱི་དགྲ་བོ་དེ་སྲོག་ལན་དུ་འཁོར་ཏེ་བུ་རུ་སྐྱེ་བ་ཡིན་པར་གཟིགས་ནས།  ཕ་ཤ་ཟ་ཞིང་མ་ལ་བརྡེག  ། གསོད་པའི་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་ལ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ།  ། ཞེས་གསུངས་པ་འདིས་ཀྱང་ཤེས་པ་ཡིན།  འོན་ཏེ་འདིར་སེམས་ཅན་ཐམས་ཅན་ཕ་མར་ཤེས་པའི་ཐབས་སུ་བསྟན་པའི་རིགས་པ་དེས་མཚོན་ཏེ་དེ་དག་ཀུན་དགྲ་རུ་བསྒོམ་དགོས་སམ་སྙམ་པ་ནི་ཤིན་ཏུ་སྙིང་རྗེ་འོས་པའི་ནོར་ཚབས་ཆེ་བ་སྟེ།  འདིར་སེམས་ཅན་ཕ་མར་ཤེས་པར་བྱ་བའི་དོན་པོ་སེམས་ཅན་ཀུན་ལ་བྱམས་དང་སྙིང་རྗེ་སྐྱེ་བའི་ཐབས་སུ་ཡིན་པ་ལས།  ཚང་མ་དགྲ་རུ་བསྒོམས་ཏེ་དེང་གི་འཇིགས་སྐུལ་དྲག་སྤྱོད་པ་ལྟར་མི་ཕུང་རང་བརླག་བྱ་བའི་ཆེད་དུ་མ་ཡིན་པས་འདི་རིགས་གསེར་དང་བོང་བ། ཉ་དང་ཡུངས་མ་ནམ་ཡང་བསྲེ་བར་མི་བྱའོ། །དེ་འདྲའི་སེམས་ཅན་ཀུན་ཕའམ་མ་ཡི་རང་བཞིན་དུ་ཤེས་པར་བསླབ་པའི་ཚུལ་འདི་ནི་ཐེག་ཆེན་སེམས་བསྐྱེད་སྐྱེ་བའི་ཐབས་རྒྱུ་འབྲས་མན་ངག་བདུན་ཞེས་པའི་དང་པོ་མར་ཤེས་པ་དེ་ཉིད་ཡིན་པས་འདིའི་སྐོར་ཚིག་ཙམ་མ་ཡིན་པར་དོན་ལ་མྱོང་བ་མ་ཐོན་གྱི་བར་དུ་བརྩོན་པ་བསྐྱེད་དེ་འབད་པར་རིགས་སོ། །

གསུམ།  ཨ་མའི་བཀའ་དྲིན་བསམ་པར་བྱ་བ།

དེ་ལྟ་བུའི་སེམས་ཅན་གཞན་དག་རྣམས་ཀྱང་ད་ལྟའི་ཨ་མ་ལྟར་བུ་ཡི་དོན་དུ་དཀའ་བ་ཁྱད་བསད་དང་ངལ་བ་དང་ལེན་ཇི་ཙམ་བྱས་ཡོད་པའི་སྐོར་ལ་བསམ་པ་ནི་རྒྱུ་འབྲས་མན་ངག་བདུན་གྱི་གཉིས་པ་དྲིན་དྲན་པ་ཟེར་བ་དེ་ཉིད་ཡིན་ལ།  དེ་ཡང«དྲང་དོན་མུན་སེལ་སྒྲོན་མ»ལས། ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་བདག་གི་མ། །མ་རྣམས་དྲིན་བཞག་སུས་ཀྱང་མི་འཁོར་ཏེ། །དང་པོ་བདག་ཉིད་མ་ཡི་ལྟོ་རུ་འཁྲས་ཙམ་ན། །ཟས་ཀྱི་བྲོ་མཆོག་སྤངས་ནས་དང་ཀ་གཏིང་ནས་ལྡོག་པ་དང་། །སྒྱིད་སྐྱུར་ལུས་པོའི་ཤེད་རྣམས་བྲི་བ་དང་། །ཤ་ཤོར་མདོག་ལོག་མགོ་ཡི་སྐྲ་ཡང་བྱི། །ཡང་ཞིང་གཡེར་བའི་ལུས་ནི་ཕ་བོང་གདོས་བཏགས་འདྲ། །གསལ་ཞིང་དྭངས་པའི་ཤེས་པ་འབུག་ཅོར་མུན་ལྟར་འཐིབས། །མ་དེས་ཟླ་བ་བཅུ་རུ་ལུས་ལ་གཏེར་བཞིན་འཆང་། །དེ་ཕྱིར་བདག་གི་མ་འདི་དྲིན་ཆེ་སྙིང་རེ་རྗེ། ། ཞེས་ཐོག་མར་བུ་རང་མ་ཡི་མངལ་དུ་ཆགས་ཤིང་དོན་ལྔ་སྣོད་དྲུག་སོགས་ཕུང་ཁམས་སྐྱེ་མཆེད་ཀུན་ཨ་མའི་ལུས་ཟུངས་ཁོ་ནས་བསྐྱེད་པ་དང་།  ལྷག་པར་དེའི་སྐབས་སུ་ཨ་མ་རང་གིས་དཀའ་སྡུག་ཇི་འདྲ་ཞིག་གི་གདོང་ལེན་བྱས་ཡོད་པའི་སྐོར་ལ་མནོ་བསམ་ཅུང་ཟད་ཅིག་བཏང་ན།  གལ་ཏེ་རང་ཉིད་ཀྱིས་མི་གཞན་པ་ཞིག་ཏུ་དོན་དུ་དེ་འདྲའི་དཀའ་ངལ་ཁུར་དགོས་བྱུང་ན་ཇི་འདྲ་ཞིག་ཡོང་མིན་སྐོར་ལ་བསམ་གཞིག་ཅིག་གནང་ན་ཕ་རོལ་མ་དེ་ཉིད་ཀྱིས་བཀའ་དྲིན་ཚོད་དཔག་ཙམ་ཡང་བྱེད་དཀའ་བ་ཞིག་མ་ཡིན་ནམ།  དེ་ནས་ཟླ་དགུ་ངོ་བཅུ་ཚང་སྟེ་མི་ལུས་མཚན་ཉིད་ཚང་བ་ཞིག་མངལ་ནས་སྐྱེས་ཏེ་རིམ་པས་ཨ་མས་བུ་ལ་དྲིན་ཇི་ལྟར་བསྐྱང་བ་ཡང་།  དེ་ཉིད་ལས།  ཕྱི་རུ་བྱུང་ནས་ལྟས་ངན་ཐན་འབུ་འདྲ་བ་དེ། །ཁོང་གི་སྙིང་ལྟར་མེད་ཐབས་མེད་པ་དང་། །དཀའ་དགུ་སྤྱད་པ་དྲན་པའི་འདུ་ཤེས་ཀྱིས། །ཆུང་བ་ཕུད་བུ་ཙམ་ནས་ཆེ་བ་གཡག་ཙམ་བསྐྱེད། །སྲོག་གཅོད་རྐུ་དང་མ་བྱིན་ལེན་པ་ཡང་། །བུ་དེ་རྒུད་ཀྱི་དོགས་པའི་རྒྱུ་ལས་བྱུང་། །གཡོ་སྒྱུ་ཟོལ་ཟོག་ཁྲམ་རྫུན་ཟེར་བ་ཡང་། །བུ་དེ་རྒུད་ཀྱི་དོགས་པའི་རྒྱུ་ལས་བྱུང་། །སྣབས་ལུད་ལྕེ་ཡིས་འཇིབ་ཅིང་མི་གཙང་ལག་པས་ཕྱི། །ངན་སོང་གཏོང་མཁན་ཐམས་ཅད་བདག་ཉིད་བུ་ཡིན་པས།  ཞེས་པ་ལྟར་ཐོག་མར་མངལ་ནས་བཙས་ཚེ་མ་ཡི་ཤ་རུས་སོ་སོར་བྱེ་བ་ཙམ་གྱི་སྡུག་བསྔལ་མྱོང་བ་དང་། བུ་རང་ཉིད་ནུས་མེད་སྲིན་འབུ་འདྲ་བ་དེ།  འཇམ་པོའི་ལུས་དྲོད་ཀྱིས་བསྲོས།  ཞིམ་པོའི་ནུ་ཞོ་བླུད།  བརྩེ་བའི་སེམས་དང་བྱམས་པའི་ངག་གིས་འཚོ་བ་སྟེ།  ཐ་ན་མིང་ཙམ་ཡང་འབོད་མི་བྲ་བར་མ་དགའ་དང་། མ་གཡང་སོགས་གཅེས་མིང་ཁོ་ནས་འབོད།  དེ་ནས་ཕྲུ་གུ་རིམ་པས་ལང་ཚོ་སྨིན་སྐབས་རྐང་པ་ཡོད་ཀྱང་འགྲོ་མི་ཤེས།  ཁ་ལྕེ་ཡོད་ཀྱང་སྨྲ་མི་ཤེས།  རྣ་བ་ཡོད་ཀྱང་ཉན་མི་ཤེས། ཟ་མ་ཡོད་ཀྱང་ཟ་མི་ཤེས།  གོས་ལྷམ་ཡོད་ཀྱང་གྱོན་མི་ཤེས་པའི་དུས་སུ་མ་ཡིས་རིམ་པར་ཁ་གྲགས་རྒྱུ།  སྐད་ཆ་བཤད་སྟངས། གོམ་པ་སྤོ་ལུགས།  ཟ་མ་ཟ་ཐབས།  གོས་ལྷམ་གྱོན་སྟངས།  སྐྱག་གཅིན་འདོར་ལུགས་དང་བཅས་པ་བསླབས་ཏེ་དམའ་རིམ་གྱི་སྲིན་འབུ་ལྟ་བུ་ཞིག་མཐོ་རིམ་མི་གྲལ་དུ་དངོས་སུ་བཞག་པའི་བཀའ་དྲིན་དང་།  དེ་ནས་ཤེས་བྱའི་གཞི་མ་ཡི་གེ་འབྲི་འདོན་ནས་ཆོས་དང་འཇིག་རྟེན་གང་རུང་གི་ཤེས་ཡོན་རྣམས་རིམ་པས་ཨ་མ་རང་གིས་གང་ཤེས་དཀའ་ངལ་དང་དྲིན་གཟོ་ལ་མི་བརྩི་བར་སློབ་པ་དང་མ་ཤེས་ནའང་གཞན་དུ་བསླབ་པར་བཅོལ་བ་སོགས་མི་གྲལ་ནས་ལྷ་གྲལ་དུ་བཞག་པ་ལྟ་བུའི་བཀའ་དྲིན།  དེ་བཞིན་མ་རང་ལ་ཡོད་པའི་གང་གཅེས་ཤིང་དམར་བའི་རྒྱུ་ནོར་རང་ལ་ཡོད་པ་རྣམས་བུ་ལ་སྟེར་བ་དང་།  གཞན་བུ་ཡི་ཆེད་དུ་སྡིག་སྡུག་དང་།  རྩོད་འཛིང་གང་ཞིག་ལའང་ཇི་མི་སྙམ་པར་བུ་ན་བ་ལས་མ་ན་བར་བདམས་པ་དང་། བུ་ཤི་བ་ལས་མ་ཤི་བར་བཟོད་པ་ནི།  སྨྲ་ཤེས་དོན་གོ་བའི་མི་ལ་བཤད་ཅི་དགོས་ཏེ། བློ་རྨོངས་དུད་འགྲོ་རྣམས་ལ་ཡང་དེ་བཞིན་ཡོད་པ་ནི། ཉེ་ཆར་ཤ་བ་མ་བུ་གཉིས་ལ་གཅན་གཟན་སྟག་ཅིག་གིས་བཟའ་བར་རྩོམ་ཚེ་མ་དེས་རང་གི་བུ་སྐྱོབ་པའི་ཆེད་དུ་རང་སྲོག་བློས་བཏང་བྱས་པའི་པར་རིས་འཛམ་གླིང་དྲྭ་ལམ་ཁག་ཏུ་སྤེལ་འདུག་པ་དེས་ཀྱང་མ་ཡིས་བུ་ལ་བཀའ་དྲིན་དང་བརྩེ་བ་ཇི་ཙམ་ཡོད་པར་མཚོན་ཐུབ།   དེ་ལྟར་མ་ཡི་དཀའ་ངལ་དང་སྡུག་བསྔལ་ཇི་ཙམ་ཡོད་པ་ལ་བསམ་ན་ཤས་མི་བཟོད་པ་ལྟ་བུ་འབྱུང་ངོ་འདུག་རུང་།  དེང་དུས་གང་ཟག་འགའ་ཡི་རྣ་ལམ་དུ་འདི་ལྟ་བུའི་མ་དང་བུ་ཡི་འབྲེལ་བ་དང་། མས་བུ་ལ་དམིགས་པའི་སྡུག་བསྔལ་རྣམས་བཤད་ཚེ་ཁོང་ཚོའི་རྣ་ལམ་དུ་འགྲོ་དཀའ་བ་སྟེ།  དེ་འདྲའི་མ་བུའི་འབྲེལ་བ་དང་མའི་རྒྱུད་ཀྱི་དཀའ་སྡུག་རྣམས་སྡུག་བསྔལ་མིན་ཞིང་།  འདི་དག་མ་རང་ཉིད་ཀྱི་ལས་འབྲས་སྨིན་པ་ཙམ་དང་།  དེང་དུས་སྨྲ་བསམ་ཐམས་ཅད་སྔར་ལས་གོང་འཕེལ་ཡར་རྒྱས་ཕྱིན་ནས་སྡུག་བསྔལ་ལ་སྡུག་བསྔལ་དུ་མི་བརྩི་བ་དང་།  སྡུག་བསྔལ་སྤང་རྒྱུ་མེད་པ།  སྤོང་བྱེད་ཀྱི་གཉེན་པོ་ཡང་མེད་པ་སོགས་འདོད་པའི་རྗེས་སུ་ཇི་ཙམ་ཡང་ཡིད་སྨོན་དང་འབྲེང་མཁན་མང་བར་སྣང་ཞིང་།  བཀའ་ལུང་ཡང་དག་གི་རྒྱབ་བརྟེན་ཅན་གྱི་རྩོམ་རིག་རྣམས་ནི་སྔར་ལུགས་ཡིན་པས་ཚན་རིག་དང་མི་མཐུན་པ་དང་།  བློ་ཡང་འཁེལ་བའི་བདེན་དཔང་མེད་པ་སོགས་སྨྲ་བ་མང་བའི་དུས་སོ།  །དེ་བཞིན་བུ་དེ་ཅུང་ཟད་ན་ཚོད་སྨིན་པའི་ཚེ་ན་ཆོས་སམ་འཇིག་རྟེན་གང་རུང་གི་ཤེས་ཡོན་བསླབས་ཏེ་མི་ཚེའི་མདུན་ལམ་དང་། བརྟན་པོའི་བདེ་སྐྱིད་ཅིག་འབྱུང་བའི་ཆེད་དུ་མ་རང་གི་ཁེ་ཕན་དང་ཞིང་འབྲོག་པའི་ལས་ཀའི་དཀའ་ཁག་གང་ལའང་བློས་བཏང་གིས་བུ་ཕྲུག་གྲྭ་བཙུན་བྱས་ནས་དགོན་སྡེར་འཇོག་པའམ།   སྤྱི་ཚོགས་ཀྱི་སློབ་གྲྭར་བཏང་སྟེ་དེ་དག་གང་ལ་ཡང་རང་གི་རྔུལ་ཆུ་ལས་གྲུབ་པའི་དངུལ་རྣམས་སློབ་ཡོན་དང་འཚོ་བའི་མཐུན་རྐྱེན་ཕངས་མེད་དུ་སྦྱིན།  དེ་བཞིན་ཤེས་ཡོན་བསླབ་པ་མཐར་ཕྱིན་པའི་ཁ་ཏ་སློབ་གསོ་དང་།  གསོལ་བ་སྨོན་ལམ་ཚུན་ཆད་བྱེད་པ་སོགས་ཀྱི་བཀའ་དྲིན་ཆེ་ནའང་།   བུ་ཕྲུག་འགའ་ཞིག་གིས་དེ་ལྟར་ཕ་མ་ལས་བྱུང་བའི་རྒྱུ་ནོར་རྣམས་ང་ལ་མི་དབང་སུ་ལ་དབང་སྙམ་པ་ལྟ་བུའི་སྒོ་ནས་སློབ་གྲྭ་བ་ཡིན་ན་དགོས་པའི་སློབ་སྦྱོང་དང་།  ཕ་མའི་བཀའ་དྲིན་དང་རེ་བ་ཐམས་ཅད་རྨི་ལམ་དུའང་མི་དྲན་པར།  སློབ་སྦྱོང་སྣང་མེད་དུ་གཡུགས། མི་ཚོགས་གང་མང་དུ་འཁྱམས།  འཚོ་བ་བག་མེད་དུ་རོལ།  འཆལ་སྤྱོད་སྣ་ཚོགས་བྱས་ཏེ་མཐར་སྤྱི་ཚོགས་ཀྱི་ཤེས་ཡོན་མི་ལོབ།  ཞིང་འབྲོག་གི་ལས་ཀ་མི་ནུས།  རང་རིགས་ཀྱི་ལུགས་སྲོལ་མི་ཤེས། གཞན་རིགས་ཀྱི་རྗེས་ཤུལ་མི་ཆོད་པར་རང་མིན་གཞན་མིན།  མི་མིན་འདྲེ་མིན་ལྟ་བུར་གྱུར་པ་དང་།  གྲྭ་བཙུན་ཞིག་ཡིན་རུང་དགོན་སྡེ་དང་སློབ་གླིང་གི་སྒྲིག་ལམ་ལ་མི་བརྩི།   བསླབ་པ་དང་སློབ་གཉེར་ལ་མི་སེམས།   ཕ་མའི་བྱམས་སྐྱོང་དང་རེ་བ་རྣམས་རྒྱང་དུ་དོར་ནས། སྐྱ་བོ་ལྟོགས་པས་གྲྭ་པ་དྲན།  གྲྭ་པ་རྒྱགས་པས་སྐྱ་བོ་དྲན་ཟེར་བའི་དཔེར་ལྟར་དགོས་པའི་ཐོས་བསམ་གྱི་ཤེས་རབ་ལ་མི་བརྩོན་པར།  མི་དགོས་པའི་འཇིག་རྟེན་ཁྱིམ་པའི་སྟངས་ཀ་ལ་ཡིད་སྨོན་ཤོར།  ཟང་ཟིང་དཀར་དམར་གྱི་སྒྱུ་འཕྲུལ་གྱིས་བློ་སྣ་དྲངས་ཏེ།  མཐར་ཚེ་འདིར་དགོས་པའི་ཐོབ་དང་རྒྱུ་ནོར་མེད་པ།  ཕྱི་མར་དགོས་པའི་དགེ་སྦྱོར་མེད་པ།  མི་ཚེ་གཡེང་ལ་ཟད།  དལ་འབྱོར་གྱི་རྟེན་བཟང་པོ་འདི་ཉིད་བརླགས་ན་དྲིན་ཆེན་ཨ་མའི་སེམས་ཀྱི་རེ་བ་ཆུད་ཟོས་སུ་བཏང་།  བུ་ཕྲུག་ལམ་དུ་མ་སོང་བའི་སྡུག་བསྔལ་གྱིས་ཁུར་པོ་གསར་པ་ཞིག་བཀལ་བ་ཡིན་པས་བུ་སྐྱེས་དོན་གོ་རབ་ན་སེམས་ཅན་ཀུན་གྱི་མགོན་དང་སྐྱབས་སུ་འགྱུར་བ་དཀའ་ནའང་།  མ་མཐའ་ཡང་བརྩེ་བའི་དྲིན་ཆེན་མ་ཡི་དྲིན་ལན་ཞིག་འཇལ་ཅིའི་ཕྱིར་མི་དགོས་ཏེ་ངེས་པར་དགོས་པ་ཉིད་དོ། །

བཞི།  ཨ་མའི་དྲིན་ལན་ཇི་ལྟར་འཇལ་བའི་ཚུལ།

སྤྱིར་ན་དེ་ལྟ་བུའི་ཨ་མ་དྲིན་མོ་ཆེ་དེའི་དྲིན་ལན་གསབ་པར་དཀའ་བའི་ཚུལ་ནི།  «དྲང་དོན»ལས། ལག་པའི་མཐིལ་བཞག་རི་རབ་བསྐོར་ཡང་མ་ཡི་དྲིན་མི་འཁོར། །སྤྱི་གཙུག་བཞག་ནས་སུམ་ཅུ་རྩ་གསུམ་གནས་སུ་བསྐྱལ་ཡང་མ་ཡི་དྲིན་མ་འཁོར། །འཛམ་གླིང་ཞིམ་དགུའི་ཟས་བཙལ་ནས་གསོས་ཀྱང་མ་ཡི་དྲིན་མི་འཁོར། ། ཞེས་གསུངས་པ་ལྟར། མི་བསམ་བློ་ཚད་དང་ལྡན་པ་ཞིག་ཡིན་ན་དེ་འདྲའི་དྲིན་ཆེ་བའི་མ་ལ་རང་ནུས་ཡོད་ཚོད་ཀྱིས་ལན་ཞིག་མ་འཇལ་ན་ལྷ་ངོ་ལ་ཁྲེལ་དང་།  མི་ངོ་ལ་ངོ་ཚ་མེད་པའི་མི་ཐབས་རྡུག་ཅིག་ཡིན་པ་ཆོས་འཇིག་རྟེན་གང་གི་ཕྱོགས་ནས་བསམ་ཡང་རྒྱུ་མཚན་ཟད་པ་ཡིན།  ང་ཚོས་ནམ་རྒྱུན་གཞན་གྱིས་ཟས་གོས་སོགས་རོགས་ཅུང་ཟད་བྱས་པ་ལའང་དྲིན་བརྩི་བ་དང་ངོ་མཐོང་ཇི་ཙམ་བྱེད།  དེ་ཙམ་ཞིག་དཔྱད་ནའང་མ་ལ་དྲིན་ཅིའི་ཕྱིར་འཇལ་མི་དགོས།  དེ་ལྟར་ན་བུ་ལ་སྙིང་ལྟར་གཅེས་པའི་མ་རང་ཉིད་ལ་མཚོན་ནའང་ཆེ་ས་ནས་འཁོར་བ་སྤྱི་ཡི་སྡུག་བསྔལ་དང་།  ཆུང་ས་ནས་འགྲོ་བ་མི་ཡི་སྡུག་བསྔལ་ཡ་བཞི་ཟུང་བརྒྱད་སོགས་ཀྱིས་བར་མེད་དུ་མནར་དང་མནར་བཞིན་པ་ལྟར།  དེ་དག་ཀུན་ལ་ཕན་པའི་དྲིན་ལན་ཞིག་འཇལ་དགོས་ན་ཤིན་ཏུ་དཀའ་ཁག་ཆེ་རུང་།   བུ་རང་གིས་ནུས་ཚོད་ཀྱི་དབང་དུ་བྱས་ན་འཇིག་རྟེན་གྱི་ཕྱོགས་ནས་དྲིན་ལན་འཇལ་ཚུལ་ལ།  སོ་སོའི་ཕ་མ་ལ་རང་གི་ལུས་ངག་ཡིད་གསུམ་གྱིས་གཡོ་ཟོལ་མེད་པར་ཞབས་ཕྱི་ཡག་པོ་བསྒྲུབས་ཏེ།  རྒས་ཚེ་ཞེ་གཅོག་དང་སེམས་གསོད།  མཐོང་ཆུང་དང་གཙོག་བལྟ་སོགས་མ་ཡིན་པར།  ཅི་ཟེར་བཀའ་ལ་བརྩི་ཞིང་ཟས་གོས་གནས་མལ་སོགས་གང་ལེགས་སྦྱར།  རང་གི་བྱ་བ་གང་ཞིག་བྱེད་པ་ཡང་ཕ་མ་ལ་བློ་འདྲི་དང་སྙན་ཞུ་འབུལ། ཐག་རིང་དུ་འགྲོ་ཚེ་ཡང་ཁ་པར་དང་བདེ་སྡུག་གི་འཚམ་འདྲི་སོགས་བྱེད།  སློབ་གྲྭ་བ་ལྟ་བུ་ཡིན་རུང་རྒྱུན་ལྡན་མའི་མཉམ་དུ་སྡོད་རྒྱུ་ཉུང་སྟབས་དྲིན་ལན་འཇལ་ཐབས་དཀའ་བསམ་པ་ཡང་མ་ཡིན་ཏེ།  ཐོག་མར་ཨ་མའི་རེ་བཅོལ་ལྟར་སློབ་གྲྭ་གང་ཞིག་ཡིན་རུང་དེ་གའི་དགེ་རྒན་དང་། ལས་འཛིན་མི་སྣ་ལ་བརྩི་བཀུར་དང་།  སྐབས་བབ་ཀྱི་སློབ་སྦྱོང་ལ་འབད་བརྩོན།   སློབ་གླིང་སྤྱི་ཡི་སྒྲིག་སྲོལ་ཁག་ལ་དོ་ནན།  སློབ་གྲོགས་ཕན་ཚུན་དབར་མཐུན་སྒྲིལ།  འཚོ་བ་བག་ཡོད་དང་། ཡ་རབས་ཚུལ་ལྡན་བཅས་བྱས་ཏེ་སྤྱོད་ཡོན་གཉིས་ལྡན་གྱི་ཕུལ་བྱུང་སློབ་མ་དང་།  དུས་དང་སྐབས་ཀྱི་རྒྱུགས་ཚད་རིགས་ལ་གྲུབ་འབྲས་གཟེངས་མཐོར་ལོན་པའི་འབད་བརྩོན་ཆུ་བོའི་རྒྱུན་ལྟར་བྱས་ན་དེ་རང་གིས་ཨ་མའི་སེམས་ལ་རང་གི་བུ་ཕྲུག་དེ་ཉིད་ཤེས་བྱ་ཡོན་ཏན་ལྡན་པ།  ཡ་རབས་ཀུན་སྤྱོད་བཟང་བའི་མི་སྣ་ཞིག་བྱུང་ན་འཛམ་གླིང་གསེར་ཕྱེས་བཀང་སྟེ་བྱིན་པ་ལས་ཀྱང་དགའ་བ་ཆེ་བས་དྲིན་ལན་དེ་གས་གཟོ་བ་ཡིན།  དེ་བཞིན་ནམ་ཞིག་རང་ཉིད་སློབ་ཐོན་བྱུང་སྟེ་སྤྱི་ཚོགས་ཀྱི་ལས་རིགས་གང་ཞིག་ལ་ཞུགས་པ་ཡིན་ནའང་།   ཡོན་ཏན་མེད་སར་ཡོན་ཏན་སློབ་པ།   ལག་ཤེས་དགོས་སར་ལག་ཤེས་སློབ་པ།  དབུལ་ཕོངས་ཅན་ལ་སྦྱིན་པ་གཏོང་བ།   འགལ་བའི་ཕྱོགས་གཉིས་འདུམ་འགྲིག་བྱེད་པ་སོགས་རང་ནུས་དང་ལས་སྒོར་དཔག་པའི་བྱ་བ་མཐའ་དག་གཞུང་དྲང་།   སྤྱི་ཕན།  ཚད་མཐུན།  ནན་ཏན།    ཧུར་བརྩོན།   མཐའ་འཁྱོངས་བཅས་བྱས་ན་ཨ་མའི་དྲིན་ལན་གསོབ་ཐབས་ཀྱང་ཟུར་དུ་འབད་མི་དགོས་པ་ལྟ་བུ་ཡིན།  ཡང་ཆོས་ཕྱོགས་ནས་ཨ་མའི་དྲིན་ལེན་འཇལ་ཚུལ་ནི།  དུས་རྒྱུན་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཨ་མར་ཞབས་ཕྱི་ཞུ་བ་དང་།  རྒྱུ་ནོར་དང་ཟས་གོས་གནས་མལ་སོགས་སྤྲད་པ་ཙམ་གྱིས་མ་ཡིན་པར།  གཙོ་བོ་ཨ་མ་དྲིན་ཆེན་དེ་ཉིད་དགེ་བའི་སྒོར་བཅུག་ཐབས་རང་གིས་བསླབ་པའམ་གཞན་བླ་མ་དགེ་བའི་བཤེས་ཀྱི་དྲུང་དུ་བསྐྱལ་ཏེ་བླང་དོར་གྱི་གནས་ཚུལ་བཞིན་འཇུག་ཐུབ་པའི་ཕྱོགས་ལ་གཞོལ་ཐུབ་ན་དེ་བས་ལྷག་པའི་དྲིན་ལན་གསོབ་ཐབས་ཅི་ཡང་མེད་དེ།  «དྲིན་ལན་བསབ་མདོ»ལས།   ཕ་དང་མ་ལ་དྲིན་ལན་བསབ། །ན་བཟའ་སྦྱར་བས་དྲིན་ལན་བསབ། །དངོས་གྲུབ་ཐབས་ཀྱི་དྲིན་ལེན་བསབ། །བདུད་རྩི་སྨན་གྱི་དྲིན་ལན་བསབ། །བསོད་ནམས་ནོར་གྱི་དྲིན་ལན་བསབ། །འབྲས་བུ་སེམས་ཀྱི་དྲིན་ལན་བསབ། །གཤེན་རབ་སྨྲང་གི་དྲིན་ལན་བསབ། །”ཞེས་དང་། “ཡུམ་ལ་དྲིན་ལན་གསབ་པའི་ཕྱིར།  ། དྲིན་ལན་དོན་ལས་གཤེན་རབ་བྱོན། །ལྷའི་གཡེང་བ་ཅན་ཡང་།  ། གཡེང་བ་མེད་པའི་དྲིན་ལན་བསབས། །འཁྲོ་གཏུམ་མེད་པའི་དྲིན་ལན་བསབས། །མེད་ཅེས་བྱ་བའི་དབང་ལ་ཡང་། །འདོད་པ་མེད་པའི་དྲིན་ལན་བསབས། །ཡུམ་ཆེན་ཉིད་ལ་དྲིན་ལན་བསབས། །བྱོལ་སོང་བྱ་བའི་གླིང་དུ་ཡང་། །བསོད་ནམས་སྙིང་རྗེའི་དྲིན་ལན་བསབས། །ཡི་དྭགས་བྱ་བའི་གླིང་དུ་ཡང་། །སེར་སྣ་མེད་པའི་དྲིན་ལན་བསབས། །དམྱལ་བ་བྱ་བའི་ཡུལ་དུ་ཡང་། །ཞེ་སྡང་མེད་པའི་དྲིན་ལན་བསབས། །དེ་ཡང་དོན་ལ་དྲིན་ལན་ཞིང་། །རྣམ་པར་ཤེས་པའི་སེམས་ཀྱི་བསབས། ། ཞེས་གསུངས་པ་ལྟར་མ་ལ་དྲིན་ལན་བསབ་པའི་གཙོ་བོ་ནི་ཁམས་གསུམ་རིགས་དྲུག་གི་སྡུག་བསྔལ་ཕྲ་རགས་ཐམས་ཅད་ལས་གྲོལ་ཏེ་མཐར་ཐུག་བླ་མེད་གོ་འཕང་ལ་སྦྱོར་དགོས་ཤིང་།   དེ་ཡང་ཨ་མ་རང་ཉིད་ཀྱི་རྒྱུད་ལ་ཡོད་པའི་ཕྱི་མར་འཁོར་བའི་གནས་སུ་སྐྱེ་བྱེད་ཀྱི་ལས་ཉོན་རྣམས་ཟད་པར་སྤངས་མ་ཐུབ་ན་གནས་སྐབས་ཀྱི་བདེ་སྐྱིད་ཙམ་ལས་མི་ཡོང་བས།  དེ་འདྲའི་ལས་ཉོན་མཐའ་དག་ལས་གྲོལ་བར་བྱེད་པ་ལ།  མ་རང་ཉིད་ཀྱིས་མཚན་ལྡན་བླ་མ་དགེ་བའི་བཤེས་གཉེན་ལ་བསྟེན་ནས་ནང་པ་སངས་རྒྱས་པའི་བསྟན་སྒོར་ཞུགས།  དེ་ནས་རིམ་པར་ཐེག་པ་ཆེན་པོའི་སྤངས་རྟོགས་ལམ་གྱི་ཡོན་ཏན་རྣམས་རྒྱུད་ལ་འབྱོར་བ་བྱེད་དགོས་ཤིང་།  དེ་ལྟར་བྱེད་པའི་ཐབས་སམ་སྣ་འདྲེན་བུ་ཕྲུག་དག་གིས་ཐོག་མཐའ་བར་གསུམ་ཀུན་ནས་རོགས་དང་སྡོང་གྲོགས་བྱེད་རྒྱུ་གལ་ཆེ་བ་ཡིན་ནོ། །དེ་བཞིན་བུ་ཕྲུག་རང་དགེ་བའི་སྒོ་རུ་ཞུགས་ཏེ་དྲིན་ཆེན་གྱི་མ་རྣམས་ལ་དྲིན་ལན་ཇི་ལྟར་འཇལ་བ་ཡང་།  «བྱམས་མ་ཆེན་མོ་རྩ་བའི་འབུམ»ལས།  སེམས་ཅན་ལ་དམིགས་སྙིང་རྗེ་ནི། །དམྱལ་བ་ཡི་དྭགས་བྱོལ་སོང་སོགས། །སྡུག་བསྔལ་མྱོང་བ་ཐམས་ཅད་ཀུན། །རང་གི་དྲིན་ཅན་མ་གྱུར་མེད། །འདི་དག་ལ་དམིགས་སྙིང་རེ་རྗེ། །དེ་དོན་བྱང་ཆུབ་ཆེན་པོ་བྱ། །  ཞེས་དང་། «དྲང་དོན»ལས།  སྙིང་རྗེ་དང་པོ་རྩ་བའི་མ་ལ་དམིགས་བྱ་སྟེ། །ཁམས་གསུམ་འཁོར་བའི་སེམས་ཅན་ཐམས་ཅད་བདག་གི་མ། །ཕ་མ་དྲིན་བཞག་སུས་ཀྱང་མི་འཁོར་ཏེ། །  ཞེས་གསུངས་པ་བཞིན།  སྤྱིར་སེམས་ཅན་རྣམས་མ་ཡི་རང་བཞིན་དུ་ཤེས་པའི་ཐོག་མཐའ་ཡས་པའི་མ་རྒན་རྣམས་ད་ལྟ་ཁམས་གསུམ་འཁོར་བའི་གནས་སུ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ལ་མྱོང་བཞིན་པ་འདི་དག་སྙིང་རྗེའི་ཡུལ་དུ་བཞག་སྟེ།  བླ་མེད་རྫོགས་པའི་བྱང་ཆུབ་ལ་འགོད་པའི་ཆེད་དུ་རང་ཉིད་ཐེག་པ་ཆེན་པོའི་ལམ་དུ་ཞུགས་པ་ལའང་རྒྱུ་འབྲས་མན་ངག་བདུན་ལ་བློ་སྦྱོང་བ་དང་།  དེའི་ནང་ནས་ཀྱང་གཙོ་བོ་སྙིང་རྗེ་གལ་ཆེ་བའི་ཚུལ་ནི། «མཛད་མདོ་འབྲིང་པོ»ལས། “བོན་ཐམས་ཅད་ཀྱི་གཞི་སྙིང་རྗེ་ཆེན་པོ་ཡིན་ནོ། །སྙིང་རྗེ་ཚད་མེད་སྐྱེས་ན་ཚད་སྙིང་རྗེ་ཆེན་པོ་འོ། །བྱམས་དགའ་བཏང་སྙོམས་གཅིག་གིས་གཅིག་བསྐྱེད་འབྱུང་། །”  ཞེས་གསུངས་པ་ལྟར་སྙིང་རྗེ་བཅོས་མིན་རྒྱུད་ལ་སྐྱེས་ཙམ་གྱིས་བྱམས་སོགས་གཞན་ཡང་ཤུགས་ལ་སྐྱེ་བ་ནས་མཐར་ཐེག་པ་ཆེན་པོའི་སེམས་བསྐྱེད་ཅིང་།    སེམས་བསྐྱེད་དེ་ལ་ཡང་སྨོན་པ་སེམས་བསྐྱེད་དང་།  འཇུག་པ་སེམས་བསྐྱེད་གཉིས་སུ་ཡོད་པ་ནི།  «དྲང་དོན»ལས།  “སྨོན་འཇུག་གཉིས་ཀྱི་དོན་ལ་འཇུག་པར་བྱ། །སྨོན་པ་སེམས་ཅན་དོན་ལ་སྨོན་བྱེད་ཅིང་། །འཇུག་པ་དེ་ཡི་རྒྱུ་ལ་རབ་བརྩོན་བྱ། །”  ཞེས་གསུངས།  དེ་ལྟ་བུའི་སྨོན་འཇུག་གཉིས་ཀྱིས་བསྡུས་པའི་ཕར་ཕྱིན་བཅུ་སོགས་མདོ་སྔགས་གཉིས་ཀྱི་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པར་ཉམས་སུ་ལེན་པ་དང་།  དེ་ལྟར་ཉམས་སུ་བླངས་པའི་འབྲས་བུ་ཡང་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་བདག་ཉིད་བླ་མེད་བྱང་ཆུབ་ཆེན་པོའི་གོ་འཕང་མངོན་དུ་བྱས་ཏེ་མཐའ་ཡས་པའི་མ་རྒན་འགྲོ་བ་རྣམས་ཀྱི་དོན་དུ་རྒྱུན་གནས་ཐུགས་རྗེ་བཞི་ཡི་སྒོ་ནས་འཁོར་བ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དེ་སྲིད་རྣམ་བཞིའི་མཛད་པ་དང་ཕྲིན་ལས་རྒྱུན་ཆད་མེད་པར་འབྱུང་བའི་ཚུལ་སོགས་གཞུང་ཆེན་མོ་དག་ནས་བསླབ་པར་བྱའོ།

ལྔ།  དེ་ལྟ་བུའི་དྲིན་ལན་འཇལ་བའི་ཕན་ཡོན་བསམ་པ།

དེ་ལྟ་བུའི་ཆོས་དང་འཇིག་རྟེན་གཉིས་ཀྱི་སྒོ་ནས་དྲིན་ཆེན་མ་ལ་དྲིན་ལན་འཇལ་བའི་ཕན་ཡོན་ནི།  འཇིག་རྟེན་གྱི་ཕྱོགས་ནས་བསམ་ན་དྲིན་བྱས་དྲིན་དུ་ཤེས་པ་དང་།  དྲིན་ལན་ཚུལ་བཞིན་འཇལ་བས་རང་ཡང་སྤྱི་ཚོགས་སུ་མི་ཡ་རབས་དང་།  སྤྱོད་པ་ཚུལ་ལྡན།  བཟང་ལན་ངན་དུ་མི་བྱེད་པའི་གཞན་གྱིས་བློ་གཏད་འོས་ཤིང་མིང་དང་གྲགས་པ་འབར་བ།   དགོས་དུས་ཕན་མཁན་མང་ཞིང་ཀུན་གྱིས་བརྩི་བཀུར་ཐོབ་པ་སོགས་འབྱུང་བ་དང་།  ཆོས་ཕྱོགས་ནས་བསམ་ན།   སེམས་ཅན་སྐྱེ་འགུལ་ཀུན་ཀྱང་རང་གི་མ་རུ་ཤེས་ཤིང་ཅི་བྱས་གཞན་དོན་དུ་འགྱུར་བ་དང་།  ས་ལམ་གྱི་ཡོན་ཏན་རང་རྒྱུད་ལ་ཐོབ་སྟེ་འདིར་ཡང་ནད་ཉུང་ཚེ་རིང་བདེ་སྐྱིད་ལྡན་པ་དང་།  ཕྱི་མར་ཡང་དགེ་བའི་འབྲས་བུ་བཟང་པོའི་འཕྲོ་མཐུད་དེ་ཡང་དག་པའི་ལྟ་སྤྱོད་བཟང་པོ་གོང་ནས་གོང་དུ་འཕེལ་ཏེ་མཐར་མྱང་འདས་བླ་མེད་ཀྱི་གོ་འཕང་གདོན་མི་ཟ་བར་ཐོབ་ངེས་པ་སྟེ།  «དྲིན་ལན་བསབ་མདོ»ལས། །ཡུམ་ལ་དྲིན་ལན་བསབས་པ་ཡིས། །སྣོད་དང་བཅུད་ལ་འཇིག་པ་མེད། །ཡུམ་ལ་དྲིན་ལན་བསབས་པ་ཡིས། །སྡུག་བསྔལ་བྱ་བའི་མིང་ཡང་མེད། ། ཞེས་དང་།  ཡུམ་ལ་དྲིན་ལན་བསབས་པ་ཡིས། །མཐོ་རིས་ལམ་ལ་འགག་པ་མེད། །ཡུམ་ལ་དྲིན་ལན་བསབས་པ་ཡིས། །ངན་སོང་གནས་སུ་འགྲོ་མི་སྲིད། །ཡུམ་ལ་དྲིན་ལན་བསབས་པ་ཡིས། །རྟག་པར་གཟུགས་ཀྱི་ཕུང་པོ་ལ། །ན་ཚ་བྱ་བའི་སྡུག་བསྔལ་མེད། །གསལ་བའི་ནམ་མཁའ་བོན་གྱི་སྐུ། །སྤྲུལ་སྐུ་གཤེན་རབ་ནམ་མཁའ་དངོས། ། ཞེས་སོགས་ཡུམ་གྱི་དྲིན་ལན་འཇལ་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་།  དེ་འདྲའི་ཨ་མའི་དྲིན་ལན་འཇལ་བའི་ཚུལ་ལ་རང་གིས་དངོས་སུ་ལག་ཏུ་ལེན་པ་དང་།  གཞན་གྱིས་དྲིན་འཇལ་བ་ལ་རྗེས་སུ་ཡི་རངས་དང་།  དྲིན་གཞལ་བར་སྐུལ་བའི་སློབ་གསོ་དང་ཁྱབ་སྤེལ་བྱེད་པའང་ཕན་ཡོན་རྒྱ་ཆེན་པོ་ཡོད་པའང་།  «དྲིན་ལན་བསབས་མདོ»ལས། །དྲིན་ལན་འབུམ་འདི་ཀློག་པར་གྱིས། །དྲིན་ལན་འབུམ་འདི་འཆང་བར་གྱིས། །དྲིན་ལན་འབུམ་འདི་འབྲི་བར་གྱིས། །དྲིན་ལན་འབུམ་འདི་ཕ་རོལ་གནས། །དྲིན་ལན་འབུམ་འདི་ཀློག་པ་ཡིས། །བསོད་ནམས་ཚོགས་ནི་དགེ་ལས་བྱེད། །དྲིན་ལན་འབུམ་འདི་ཀློག་པ་ཡིས། །བསྟན་པ་ལྷུན་གྲུབ་གནས་ཏེ་ཡང་། །མཐོ་རིས་ལམ་ལ་ཤར་ལམ་བདེ། །ཞེས་སོགས་རྒྱ་ཆེར་གསུངས་པའི་རྗེས་སུ་འབྲང་བར་རིགས་སོ། །

དྲུག  དྲིན་ལན་མ་བསབ་པའི་ཉེས་སྐྱོན་ལ་བསམ་པ། 

རང་ལ་དྲིན་སྣ་ཚོགས་ཀྱིས་བསྐྱངས་པའི་ཨ་མ་ལ་དྲིན་ལན་ཚུལ་བཞིན་འཇལ་དགོས་པ་ནི་ཆོས་དང་འཇིག་རྟེན་གང་གི་ཆ་ནས་བྱས་ཀྱང་བུ་ཕྲུག་རང་ལ་བབ་འོས་དང་སྲིད་པ་སྤྱི་ཡི་སྲོལ་བཟང་ཡིན་ཞིང་།  གལ་ཏེ་དེ་འདྲའི་དྲིན་ལན་མ་མཇལ་བའམ་དེ་ལས་ལྡོག་སྟེ། ཇ་ལན་ཆུའམ་བཟང་ལན་ངན་གྱིས་མཇལ་བ་ཡིན་ན་དེའི་ཉེས་སྐྱོན་དང་།  རྣམ་སྨིན་ངན་པ་བཟོད་ཐབས་དཀའ་བར་འབྱུང་བ་ནི།  «དྲིན་ལན་བསབ་མདོ»ལས། ཡུམ་ལ་དྲིན་ལན་མ་བསབ་པར། །བརྡུངས་རྩོགས་རྡུང་རྡུང་བྱས་པ་ནི། །སྡིག་པ་དམྱལ་བའི་ཁྲིམས་ཁ་འགྲིམ། །ཞིང་པས་གླང་བུར་བརྡུང་བ་འདྲ། །ཡུམ་ལ་དྲིན་ལན་མ་བསབ་པར། །མི་དགེ་རྣམ་པ་སྣ་ཚོགས་བྱེད། །དེ་ཡང་སྔོན་གྱི་སྡིག་ལས་ཀྱིས། །མེ་ལྕེའི་ཁའི་སྦྲང་བུ་འདྲ། །ཡུམ་ལ་དྲིན་ལན་མ་བསབ་པར། །ཡུམ་ལ་སྨོད་པའི་ལས་སྤྱོད་པས། །ཞ་བོ་ལོང་བ་འགྲོགས་པ་འདྲ། །ལག་སྦྲེལ་བྱས་ནས་བྲག་འཛེག་འདྲ། ། ཞེས་གསུངས་པ་ལྟར་དང་།  ཚེ་འདིའི་དབང་དུ་བྱས་ནའང་ལྷ་ངོ་ལ་ཁྲེལ་དང་མི་ངོ་ལ་ངོ་ཚ་མེད་པ་མ་རབས་ཐ་ཤལ་གྱི་གྲལ་དུ་ཚུད་པ་དང་། ཡ་རབས་ཤེས་ལྡན་དག་གི་དམའ་འབེབ་དང་མཐོང་ཆུང་གི་ཡུལ་དུ་གྱུར་པས་གཞན་གྱིས་རང་ལ་བརྩི་བཀུར་དང་ཡིད་ཆེས་མེད་པ།  སྨྲ་བའི་ངག་མི་བཙུན་ཞིང་དབང་ཐང་ཆུང་བ་སོགས་མདོར་ན་སྨྲ་ཤེས་དོན་གོ་བའི་མི་ལུས་ཚད་ལྡན་མ་ཐོབ་པ་ལྟ་བུར་འགྱུར་བ་དང་།    ཕྱི་མའི་དབང་དུ་བྱས་ན་དེ་ལས་ཀྱང་རྣམ་སྨིན་ལྕི་བ་གོང་དུ་ལུང་དྲངས་པ་ལྟར་ཡིན།  རྒྱུ་མཚན་དེ་དག་གིས་ཕྱིར་ན་སྐྱ་སེར་དང་རྒས་གཞོན་གང་ཡིན་རུང་།  མི་རིགས་དང་ཕོ་མོ་སུ་ཡིན་རུང་།  ཆོས་ལ་དད་པ་ཡོད་མེད་གང་ཡིན་རུང་།  རྒྱུ་ནོར་དང་ཕྱུག་དབུལ་མེད་པ་སོགས་མདོར་ན་ལེགས་ཉེས་དང་དཔྱོད་ཤེས་ཅི་ཡང་མེད་པའི་དུད་འགྲོ་འདྲ་ཡིན་ན་མ་གཏོགས་སྨྲ་ཤེས་ལ་དོན་གོ་བའི་མི་མཚན་ཉིད་ཚང་བ་ཞིག་ཡིན་ཚེ་རྩ་བའི་དྲིན་ཆེན་ཨ་མའི་དྲིན་ལན་རེ་ཅིས་ཀྱང་འཇལ་དགོས་པ་ནི།  གནའ་རབས་དང་དེང་རབས།  ཆོས་དང་འཇིག་རྟེན།  འདི་དང་ཕྱི་མ་སོགས་གང་ལ་བསམ་ཡང་རྒྱུ་མཚན་ཅི་ཡང་བགྲང་དུ་མེད་པའི་ཐོག་ནས་རང་འཁོས་དང་བསྟུན་པའི་དྲིན་ལན་རེ་འཇལ་བ་ཡིན་ན་མ་དྲིན་བུ་ལ་ཆེ་ཞིང་བུ་དྲིན་མ་ལ་ཆེ་བ་ནི། མི་ལུགས་ཚད་ལྡན་དང་།  སྦྲ་སྒོ་ཤར་གཏད་ཅེས་པའི་དཔེ་ལྟར་འགྱུར་བས་ཀུན་གྱིས་ཐུགས་ལ་འདོགས་པར་འཚལ་ཞུ།