依佛教因果论探析如何报答众生恩

发布时间: 2018-03-26 09:32:00 来源:

【内容摘要】本文首先运用因果逻辑论证了一切众生皆为母的观点,进而通过思量父母如何养育自己来推导作为父母的一切众生皆恩重如山。其次引用《入菩萨行论》和《释量论》等佛教正典的内容来阐述为何报父母之恩及报恩之功德。最后分析多种报恩方式,引出结合因果道理来报恩必定在实际生活中大有裨益之观点。 

关键词:因果、父母、报恩

སྔོན་འགྲོའི་གཏམ།

དེ་ཡང་ནང་པའི་བསྟན་པ་ནི་བྱང་ཆུབ་ཀྱི་སེམས་དང་སྦྲགས་ནས་བྱམས་སྙིང་རྗེ་སྒོམ་པ་དང་།  སྤྱོད་པ་གཞན་ལ་འཚེ་བ་སྤོང་པ་ཞིག་ཡིན་ལ།  གནས་ལུགས་འདིར་ཡང་ལས་རྒྱུ་འབྲས་ཀྱི་གཞུང་ལུགས་བརྟན་པོ་ཞིག་གི་རྒྱབ་རྟེན་ཡོད་པ་རེད། སེམས་ཅན་ཐམས་ཅད་མ་རུ་གྱུར་ཅིང་དེ་སྒོམ་ནས་སྲོག་ལྡན་འགྲོ་བ་ཀུན་ལ་འཚེ་བ་མི་བྱེད་ཅིང་།  མར་གྱུར་གྱི་འདུ་ཤེས་ལ་བརྟེན་ནས་སེམས་ཅན་གཞན་དག་ལ་དྲིན་གཟོ་བའི་སྦྱོར་བ་རྩོམ་པ་ནི་ནང་པ་སངས་རྒྱས་ཀྱི་ལྟ་བ་ཁྱད་པར་བ་ཞིག་རེད། ནང་པའི་མཁས་གྲུབ་མང་པོ་ཞིག་གིས་འདིའི་སྐོར་ལ་རྒྱུ་འབྲས་རྣམ་གཞག་ལྡན་པའི་ངང་སོ་སོའི་མཛད་པའི་བསྟན་བཅོས་ཁག་ཏུ་གསལ་བརྗོད་གནང་ཡོད།  དེར་མ་ཟད།  དེང་སྐབས་རྒྱུ་འབྱོར་བའི་ཁེ་ཕན་གཙིགས་སུ་འཛིན་པའི་དུས་རབས་ཀྱི་གནས་འབབ་འོག་ནང་པའི་དྲིན་གཟོ་བའི་བསམ་སྦྱོར་ནི་མི་རྣམས་ཀྱི་ཀུན་སྤྱོད་ཇེ་ལེགས་སུ་གཏོང་བའི་ཐབས་ལམ་ཡང་དག་པ་ཞིག་ཀྱང་རེད།  གཤམ་ནས་འདིའི་སྐོར་ལ་དོན་ཚན་བཞི་ཡིས་གསལ་བཤད་བྱ་རྒྱུ་ཡིན།

དང་པོ། བྱང་ཆུབ་ཀྱི་སེམས་བསྒོམས་ཏེ་རང་གཅེས་འཛིན་གྱི་བློ་བཏུལ་བའི་སྒོ་ནས་བཀའ་དང་བསྟན་བཅོས་དག་གི་རྩ་བའི་དམིགས་ཡུལ་འཇིག་རྟེན་ཁམས་ལ་བདེ་སྐྱིད་སྐྲུན་པའི་ཐབས་ལམ་དེ་དག་ལ་འབད་དགོས་པ་བསྟན་པ།

དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱིས།  རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི།། ཆོས་འགའ་ཡོད་པ་མ་ཡིན་ནོ།། དེ་ཕྱིར་སྟོང་པ་མ་གཏོགས་པའི།། ཆོས་འགའ་ཡོད་པ་མ་ཡིན་ནོ།། ཞེས་ཆོས་ཐམས་ཅད་ཕན་ཚུན་རྟེན་འབྲེལ་ལམ་ཕན་ཚུན་ལྟོས་ནས་གྲུབ་པ་ཁོ་ན་ཡིན་པ་གསུངས་པ་ལྟར་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་གཉིས་པོ་ཡང་ཕན་ཚུན་རྟེན་འབྲེལ་ཡིན་ཏེ་གཅིག་ལ་གཅིག་རྟེན་གྱི་སྒོ་ནས་འཛམ་གླིང་གོ་ལ་འདི་གྲུབ་པ་ཞིག་ཡིན། འདིའི་ཐད་ནས་སྐྱེ་ཁམས་སྲུང་སྐྱོབ་དཔེ་རུ་བཀོད་དེ་བཤད་ན། སྣོད་ཀྱི་འཇིག་རྟེན་འདི་ཁོར་ཡུག་དང་གཙང་སྦྲ་སོགས་ཀྱིས་སྒོ་ནས་སྲུང་སྐྱོབ་ཡག་པོ་བྱུང་བ་ཡིན་ན་དེར་གནས་པའི་འགྲོ་བ་སེམས་ཅན་དེ་དག་ཀྱང་ལུས་སེམས་བདེ་པོ་ཡོང་རྒྱུ་ཡིན་པ་ནི་རྒྱུ་འབྲས་ཀྱི་སྒོ་ནས་གཏན་འཁེལ་བ་ཞིག་རེད། དེ་ལྟར་མ་བྱས་པར་མི་ཁ་ཤས་དང་ལུང་པ་ཁ་ཤས་ཀྱི་ཁེ་ཕན་ཆུང་ངུ་ལ་བསམ་སྟེ་ཆེ་ས་ནས་སྣོད་ཀྱི་འཇིག་རྟེན་ལ་གནོད་པ་སྐྱེལ་བ་དང་། ཆུང་ས་ནས་རང་ཉིད་སྐྱིད་པོ་ཡོང་ཆེད་དུ་མི་གཞན་གྱི་རྒྱུ་ནོར་དང་། སྙན་གྲགས། མདུན་ལམ་སོགས་ལ་གནོད་པ་གཏང་བའི་བྱ་བ་དེ་དག་ལ་བརྟེན་ནས་མཐར་རང་ཉིད་བཙོན་ཁང་སོགས་སུ་སྡུག་བསྔལ་མྱངས་དགོས་ཡོད་པ་རེད། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་།། སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག། བདེ་བ་འདོད་ཀྱང་གཏི་མུག་པས།། རང་གི་བདེ་བ་དགྲ་ལྟར་འཇོམས།། ཞེས་གསུངས་པ་ལྟར། ཚང་མའི་སེམས་ལ་བདེ་བ་འདོད་ཀྱང་འོན་ཀྱང་བདེ་བ་དེ་ཉིད་འཚོལ་བའི་ཐབས་ཡང་དག་ཡིན་མིན་གྱི་སྒོ་ནས་འགྲོ་བ་མང་པོ་ཞིག་ལ་འཐོབ་བྱའི་འབྲས་བུ་བདེ་བའི་ལྡོག་ཕྱོགས་འབྲས་བུ་སྡུག་བསྔལ་མང་པོ་ཞིག་མི་འདོད་བཞིན་དུ་བྱུང་བ་འདི་ནི་བདེ་བ་བསྐྱེད་བྱེད་ཀྱི་རྒྱུ་དང་སྡུག་བསྔལ་འབྱུང་བྱེད་ཀྱི་རྒྱུ་ལ་རྨོངས་པ་ཡིན་པའི་སྐྱོན་ཉག་གཅིག་ལས་བྱུང་བ་ཞིག་ཡིན། དེས་ན་ཐོབ་བྱའི་འབྲས་བུ་བདེ་བ་དེ་རྒྱུ་གང་ཞིག་ལ་བརྟེན་ནས་ཐོབ་པ་དང་། དེའི་ལྡོག་ཕྱོགས་འབྲས་བུ་སྡུག་བསྔལ་དེ་རྒྱུ་གང་ཞིག་ལས་འབྱུང་བ་ཤེས་དགོས་པ་དེ་གལ་ཆེན་པོ་ཞིག་ཆགས་ཡོད། དེས་ན་དངོས་པོ་ཐམས་ཅད་གཅིག་ལ་གཅིག་རྟེན་གྱི་སྒོ་ནས་གནས་ཡོད་པ་དེ་ཉིད་མུ་མཐུད་ནས་ཞི་བདེ་མཉམ་གནས་ཞིག་ཡོང་དགོས་ན་གཙོ་བོ་སེམས་ཡོད་ཀུན་ལ་རག་ལས་པ་དང་། དེའི་ནང་ནས་ཀྱང་འགྲོ་བ་མི་ལ་རག་ལས་པ་ཞིག་ཡིན་པར་བརྟེན། ང་ཚོས་ཕྱོགས་རིས་དང་སྒེར་གྱི་དགའ་ཕྱོགས་སོགས་ཀྱི་ལྟ་ཚུལ་ཆུང་ངུ་དག་ལས་ཕར་བརྒལ་ཏེ་འཇིག་རྟེན་གྱི་གནས་ལུགས་ངོ་མ་ལ་བསམ་ཞིབ་བྱས་ནས་སེམས་ཅན་རྣམས་བདེ་བའི་ལམ་དུ་བསྐྱོད་བྱེད་ཀྱི་ཐབས་ཡང་དག་པ་ཚང་ལ་མ་ནོར་བ་དག་གསལ་བཤད་དང་སློབ་སྦྱོང་བྱ་རྒྱུ་དེ་ནི་སེམས་ཅན་ལ་དྲིན་གཟོ་བ་ཡིན་ལ། ནང་བསྟན་གྱི་བཀའ་དང་བསྟན་བཅོས་རྣམས་ཀྱི་རྩ་བའི་དགོས་པ་དང་དམིགས་ཡུལ་ཡང་འཇིག་རྟེན་གྱི་ཁམས་འདིར་བདེ་སྐྱིད་བསྐྲུན་ནས་སེམས་ཅན་གྱི་དྲིན་གཟོ་རྒྱུ་དེ་ཡིན། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐུན་མོང་གི་སྣང་ངོར་ཆོས་འཁོར་རིམ་པ་རྣམ་པ་གསུམ་བསྐོར་བར་མཛད་པ་ཡིན་ལ། དེ་དག་ཚང་མ་ནི་འགྲོ་བ་སེམས་ཅན་རྣམས་ལ་བདེ་སྐྱིད་ཐོབ་པའི་ཆེད་ཁོ་ནར་གསུངས་པ་ལས་གཞན་དམིགས་ཡུལ་གང་ཡང་མེད་པ་དེ་གསལ་པོ་རེད། དེ་འདྲའི་དམིགས་ཡུལ་རྒྱ་ཆེན་པོ་དེ་སྒྲུབ་པའི་ཐབས་ཤེས་ཇི་ལྟ་བུ་ཞིག་བསྟན་ཡོད་པ་ཡིན་ཟེར་ན། དང་པོ་སྡུག་བསྔལ་དེ་དག་ཐམས་ཅད་ནི་རང་ཉིད་གཅེས་པར་འཛིན་པའི་བློ་དེ་ལ་བརྟེན་ནས་བྱུང་བ་ཡིན་པ་དེ་ཡིན་པ་ལ་ཡིན་པ་ཉིད་དུ་ཤེས་དགོས་པར་བསྟན་པ་དང་། དེ་ཤེས་པའི་འོག་ཏུ་རང་གཅེས་པར་འཛིན་པའི་བློ་དེའི་རང་གཤིས་སམ་བློའི་ནུས་པ་ལྟ་བུ་དེ་ཇེ་ཆུང་ནས་རིམ་བཞིན་རྩ་མེད་དུ་གཏོང་བའི་ཐབས་ཤེས་མང་པོ་གསུངས་ནས་སྡུག་བསྔལ་དེ་དག་ཀྱང་ཇེ་ཆུང་ནས་རིམ་བཞིན་གཏན་མེད་དུ་འགྲོ་བའི་ཐབས་སོ་སོའི་བློ་ཚོད་དང་འཚམ་པ་མང་པོ་ཞིག་གསུངས་ཡོད། རང་གཅེས་འཛིན་གྱི་བློ་དེ་ཇེ་ཆུང་ནས་རིམ་བཞིན་གཏན་སྤོང་བྱས་པ་ཡིན་ན་རིམ་བཞིན་བདག་མེད་པར་རྟོགས་པའི་བློ་དེ་སྐྱེས་པ་ཡིན་ལ། དེ་སྐྱེས་ན་རང་དང་གཞན་གཉིས་ཀ་ལ་ཕན་པ་ཆེན་པོ་ཐོབ་ཐུབ་པ་ཡིན། རང་ལ་མཚོན་ན་རང་ཉིད་ཀྱི་རྒྱུད་གཙང་མ་ཆགས་ནས་ཡུལ་དུས་གང་དུ་གནས་ཀྱང་རུང་མི་སུ་དང་འགྲོགས་ཀྱང་རུང་མི་བདེ་བའམ་སྡུག་བསྔལ་མེད་པར་བློ་བདེ་བག་ཕེབས་ཀྱི་སྒོ་ནས་གནས་ཐུབ་པ་དང་། གཞན་ལ་མཚོན་པ་ཡིན་ན་ཡང་། བློ་དེས་ཀུན་ནས་བསླངས་པའི་སྒོ་ནས་སྤྱི་ཚོགས་དང་། སེམས་ཅན་གྱི་ཚེ་སྲོག་དེ་བཞིན་འཚོ་བ་སོགས་ལ་གནོད་སྐྱོན་གཏོང་མི་སྲིད་པ་ཞིག་ཡིན་པས།   དེས་ན་རང་ཉིད་གཅེས་པར་འཛིན་པའི་བློ་དེའི་ནུས་པ་ལྟ་བུ་དེ་རིམ་བཞིན་ཇེ་ཆུང་དུ་གཏང་ནས་རང་གཞན་ཀུན་རྒྱུན་དུ་བདེ་བར་གནས་དགོས་པ་ལ་འབད་དགོས།

 རང་ཉིད་གཅེས་པར་འཛིན་པའི་བློ་དེའི་ནུས་པ་ཇེ་ཆུང་དུ་འགྲོ་བར་བྱེད་པ་ལ། སེམས་ཅན་ཐམས་ཅད་རང་གི་ཕ་མ་ཡིན་པ་དེ་ཤེས་དགོས།  སེམས་ཅན་ཐམས་ཅད་རང་གི་ཕ་མ་ཡིན་པ་ལ་ཡིན་ཉིད་དུ་ཤེས་དགོས་པ་མ་ཟད། ཕ་མ་དེ་དག་ལ་ད་བར་མི་འདོད་པའི་རྐྱེན་ངན་གང་འདྲ་འཕྲད་ཡོད་པ། ད་ལྟ་འཕྲད་བཞིན་པ། མ་འོང་པ་ན་ཡང་མུ་མཐུད་ནས་རྐྱེན་ངན་འཕྲད་ནས་སྡུག་བསྔལ་མང་པོ་ཞིག་འབྱུང་ངེས་ཡིན་པ་རྣམས་ཤེས་པར་བྱས་ནས་དེ་དག་ཨང་དང་པོར་རང་གིས་སེལ་དགོས་པའི་རང་འགུལ་གྱི་བསམ་བློ་ཞིག་བསྐྱེད་དགོས་པ་གསུངས་ཡོད། འོན་ཀྱང་དེ་འདྲ་བྱེད་ཐུབ་པའི་ནུས་པ་ནི་ད་ལྟ་མི་ཕལ་པ་རྣམས་ལ་མེད། དེས་ན་དེ་ལྟར་བྱ་ཐུབ་པའི་ཆེད་དུ་བདག་གཞན་མཉམ་པའི་བྱང་ཆུབ་ཀྱི་སེམས་དང་། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སོགས་རིམ་པས་རང་རྒྱུད་ལ་བསྐྱེད་པའི་ཐབས་མང་དུ་གསུངས་པ་དེ་དག་ཀྱང་ཉིན་རེ་བཞིན་རང་གི་ཚེ་འདིའི་ཕ་མ་ནས་འགོ་བཟུང་སྟེ་སྒོམ་པའམ་བསམ་བློ་བཏང་དགོས། དེ་ཡང་དང་པོ་རང་དང་ཕ་མའི་བར་ཕན་ཚུན་འདྲ་མཉམ་གྱི་བསམ་བློའི་སྒོ་ནས་ཕན་པ་སྒྲུབ་རྒྱུ་དེ་དང་རིམ་བཞིན་རང་དང་གཞན་གཉིས་བར་ཕན་ཚུན་བརྗེས་པའི་སྒོ་ནས་གཞན་གྱི་བྱ་བ་དེ་དག་སོ་སོའི་ཡིན་པའི་དགའ་ཞེན་དང་ལྷག་བསམ་གྱི་སྒོ་ནས་ལག་ཏུ་ལེན་ཐུབ་པ་ཡིན་ན་རང་གཞན་ཀུན་ལ་ཕན་ཡོན་བསམ་ལས་འདས་པ་ཞིག་ཡོད་པ་རེད། དེར་བརྟེན་སེམས་ཅན་ཐམས་ཅད་ལ་བརྟེན་ནས་རང་གི་རྒྱུད་ལ་ཐེག་པ་ཆེན་པོའི་ལམ་མཆོག་རྣམས་རིམ་པས་སྐྱེས་པས་ན་སེམས་ཅན་དེ་དག་ཀྱང་རང་ལ་བཀའ་དྲིན་ཆེན་པོ་ཡིན་པའི་རྒྱུ་མཚན་ཡང་རིམ་བཞིན་དུ་གྲུབ་ཡོད་པ་ཡིན་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐར་པ་ཐོབ་དགོས་པ་ཐེག་པ་ཆེན་པོའི་རེ་བ་གཅིག་པོ་དེ་ཡང་སེམས་ཅན་དེ་དག་ལ་དྲིན་གཟོ་དགོས་པས་ཡིན།

གཉིས་པ། ཐར་པའི་ལམ་བསྟན་པ་དེ་སེམས་ཅན་གྱི་དྲིན་གཟོ་བའི་ཐབས་གཙོ་བོ་དེ་ཡིན་པ་དང་དེར་བརྟེན་ནང་ཆོས་སུ་རྒྱུ་འབྲས་ཀྱི་རྣམ་གཞག་བསྟན་ཚུལ་བཤད་པ།

དྲིན་གཟོ་ཚུལ་དེ་ཡང་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱིས། ཐར་པ་རང་ལ་རག་ལས་ཤེས་པར་གྱིས། ཞེས་གདུལ་བྱ་སེམས་ཅན་རྒྱུ་འབྲས་ཀྱི་རྣམ་གཞག་ལ་རྨོངས་པ་རྣམས་ལ་བདེ་བ་དང་སྡུག་བསྔལ་སོ་སོ་རྒྱུ་གང་ཞིག་ལས་འབྱུང་ཚུལ་གྱི་རྒྱུ་འབྲས་ཀྱི་བླང་དོར་བསྟན་གནང་བ་དེ་གཙོ་བོར་གསུངས་ཡོད། 

འོ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུ་འབྲས་ཀྱི་རྣམ་གཞག་ཇི་ལྟར་གསུངས་ཡོད་པ་ཡིན་ཞེ་ན། དེ་ཡང་ཆོས་བཅུ་པའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང་།། ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར།། བྱང་ཆུབ་སེམས་པ་བློ་ལྡན་གྱི།། རིག་ནི་ཚད་མ་དག་ལས་ཤེས།།  ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འབྲས་བུའི་རྟགས་ལས་རྒྱུ་དཔོག་པའི་རིག་པའི་རྣམ་གཞག་དུ་མ་ཞིག་གསུངས་ཡོད་པ་དེ་དག་ནི། མདོར་བསྡུས་ན་འབྲས་བུ་བདེ་སྡུག་དེ་དག་ཐམས་ཅད་ཀྱང་རང་རྒྱུ་ལས་དཀར་པོ་དང་ནག་པོ་དག་བསྐྱེད་པ་དེ་ཤེས་པའི་ཆེད་དང་། དེ་ཤེས་ནས་ཉམས་ལེན་ཇི་ལྟ་བ་བཞིན་སོ་སོའི་རྒྱུན་ལྡན་གྱི་འཚོ་བ་དང་འབྲེལ་བའི་སྒོ་ནས་ལག་ལེན་བྱེད་རྒྱུའི་གང་ཟག་སྒེར་གྱི་ལས་འབྲས་ཀྱི་བླང་དོར་གྱི་རྣམ་གཞག་དེ་དག་བསྟན་པ་མ་ཟད་ཐུན་མོང་གི་ལས་ལ་བརྟེན་ནས་ཐུན་མོང་གི་འཇིག་རྟེན་དེ་གྲུབ་པ་ཡིན་པ་ལ་ཡིན་པར་གསལ་བཤད་གནང་བ་ཞིག་ཡིན་པ་ལས། རྒྱུ་དཀར་ནག་སོ་སོ་ལས་འབྲས་བུ་བདེ་སྡུག་སོ་སོར་བསྐྱེད་པ་དེ་སངས་རྒྱས་ཀྱིས་གསར་དུ་བཟོས་པ་ཞིག་ཡེ་ནས་བསྟན་པ་མ་ཡིན་ནོ།

འོ་ན་རྒྱུས་འབྲས་བུ་སྐྱེ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་མངོན་པ་མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས།། ཞེས་གསུངས་པ་ལྟར་འཛམ་བུ་གླིང་འདིའི་སྟེང་དུ་ཡོད་པའི་རྒྱལ་ཁབ་མི་འདྲ་བ་དང་། མི་རིགས་མི་འདྲ་བ། དེའི་ནང་དུ་ཡང་དཔལ་འབྱོར་དབུལ་ཕྱུག་དང་། གཟུགས་དང་ཁ་མདོག་བཟང་ངན། ཡུལ་ལུང་ཡག་སྡུག་ཚང་མ་རྒྱུ་སྔོན་གྱི་ལས་དང་ད་ལྟའི་རྐྱེན་བཟང་ངན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་། དེས་ན་འབྲས་བུ་བཟང་ངན་ནམ་འཇིག་རྟེན་གྱི་འཚོ་བའི་སྐྱིད་སྡུག་བཟང་ངན་ཚང་མ་སྔོན་གྱི་ལས་དང་ཕྲལ་གྱི་རྐྱེན་གཉིས་ཀྱི་འབྲས་བུ་ཡིན་པ་ཤེས་པར་བྱ་རྒྱུ་དེ་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་མདོ་སྔགས་གཉིས་དང་ཐེག་པ་ཆེ་ཆུང་ཚང་མས་ཞལ་གཅིག་གྲགས་སུ་གསུངས་པ་ཞིག་ཡིན། དེ་འདྲའི་བསམ་བློའི་ཁ་ཕྱོགས་དེ་ཡོད་པའི་མི་ཞིག་ཡིན་ཕྱིན་ལས་ངན་པ་དེ་ལ་རང་བཞིན་གྱི་མི་དགའ་བ་དང་ལས་བཟང་པོ་ལ་རང་ཤུགས་ཀྱི་དགའ་མཁན་གྱི་མི་ཞིག་ཆགས་རྒྱུ་ཡིན་པ་དེ་ནི་དཔེར་ན་མི་ཚ་བ་ཆེན་པོར་དགའ་པོ་མེད་པ་ཞིག་གིས་མེ་ཚ་པོ་ཡིན་པ་ཤེས་ན་དེ་ལས་གཡོལ་ཐབས་བྱེད་པ་བཞིན་ནོ། རྒྱུ་ཚོགས་གྲངས་ཚང་ན་འབྲས་བུ་དེ་ངེས་པར་སྐྱེས་ངེས་པའི་འབྲས་བུའི་རྟགས་དེ་དག་ལས་ཤེས་ཐུབ་པ་ཞིག་ཡིན།

དཔེ་གཞན་ཡང་། དཔྱིད་ཀ་ས་ཞིང་སྟེང་དུ་ས་བོན་ནས་འབྲུ་ཞིག་བཏབ་པ་ཡིན་ན་སྟོན་གྱི་སྐབས་སུ་དེའི་འབྲས་བུ་དེ་ངེས་པར་དུ་ནས་འབྲུ་ཡིན་པ་ལས། དེ་ལས་གཞན་འབྲས་བུ་བ་གྲོ་དང་སྲན་མ་ལ་སོགས་བསྐྱེད་མི་སྲིད་པ་ཞིག་ཡིན་པ་ནི་དངོས་པོའི་གནས་ལུགས་ཞིག་ཡིན་པ་དང་། དེ་བཞིན་མི་ཞིག་ལ་མཚོན་ན་ཡང་།  ཆུང་དུས་ནས་རྒྱུ་སློབ་གྲྭ་ཡང་དག་པ་ལ་ཕྱིན་པ་དང་སློབ་གསོ་ཡང་དག་པ་ཞིག་མྱོང་བ་ཡིན་ན་རྗེས་སུ་དེའི་འབྲས་བུ་མི་དེས་བྱ་བ་བཟང་ངན་དང་བླང་དོར་གྱི་སྤྱོད་པ་སོགས་རང་སྟོབས་ཀྱིས་ཤེས་ཐུབ་པ་དང་བྱེད་ཐུབ་པའི་ནུས་པ་དང་ལྡན་པ་ཞིག་ཡོང་བ་དེ་དག་ནི་བསླུ་བ་མེད་པའི་རྒྱུ་འབྲས་ཀྱི་རང་བཞིན་ཡིན་པ་ནི་སྨོས་མེད་ཞིག་རེད། དེ་ལྟ་བུ་འཁྲུལ་པ་མེད་པའི་སྔོན་བྱོན་མཁས་པ་རྣམས་ཀྱི་ཡང་དག་པའི་རིག་ལམ་གྱིས་སྒོ་ནས་ལས་འབྲས་ཀྱི་རྣམ་གཞག་བྱས་པ་དེ་དག་ལ་རྒྱུན་དུ་ནས་རང་སོ་སོའི་འཚོ་བའི་ཁྲོད་དུ་གོ་བ་ཡག་པོ་ཞིག་ལེན་དགོས་པ་དང་། གཞན་ལ་ཡང་གསལ་བཤད་གང་ཡག་བྱེད་པར་འབད་བརྩོན་བྱེད་དགོས་པ། གོ་སྐབས་དང་ནང་དོན་དག་ལ་དམ་འཛིན་བྱས་པ་ཡིན་ན་ཚང་མ་ལ་ཕན་པ་ཆེན་པོ་ཐོབ་སྲིད་པ་ཞིག་རེད།

གསུམ་པ། རྒྱུ་འབྲས་ཀྱི་རིག་པ་ལ་བརྟེན་ནས་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་བསྒྲུབ། དེ་གྲུབ་པས་སྐྱེ་བ་སྔ་ཕྱི་གཉིས་ཀྱི་སྒོ་ནས་སེམས་ཅན་ཐམས་ཅན་རང་གི་ཕ་མ་ཡིན་པར་བསྟན་པ།

དེ་ཡང་དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མ་རྣམ་འགྲེལ་ལས། མ་ཚང་མེད་རྒྱུ་དེ་ལ་ནི།། འབྲས་བུ་གང་གིས་བཟློག་པར་བྱེད།། ཞེས་གསུངས་པ་ལྟར་རྒྱུ་རྐྱེན་ཚང་མ་འཛོམས་ན་འབྲས་བུ་བསྐྱེད་ངེས་ཡིན་པར་གསུངས་པའི་དོན་ཡང་དེ་ལྟར་ཡིན། དེ་ལྟ་བུའི་རྒྱུ་འབྲས་ཀྱི་རིག་པ་དེ་རང་གི་རྣམ་ཤེས་དེའི་སྟེང་དུ་བསམ་བློ་ཞིག་བཏང་བ་ཡིན་ན། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱིས།། ཉེར་ལེན་མིན་པ་ཞེས་རྣམ་ཤེས་མ་ཡིན་པ་ཞིག་རྣམ་ཤེས་ཀྱི་ཉེར་ལེན་གྱི་རྒྱུ་མ་ཡིན། རྣམ་ཤེས་དེ་ངེས་པར་རྣམ་ཤེས་སྔ་མ་ཞིག་ལས་བསྐྱེད་པར་གསུངས་པ་ལྟར། ད་ལྟའི་རང་གི་རྣམ་ཤེས་དེ་འབྲས་བུ་ཡིན་པའི་ཆ་ནས་དེའི་དངོས་རྒྱུ་ཚེ་སྔོན་མའི་རྣམ་ཤེས་དེ་ཡིན་པ་དང་ཡང་དེའི་རྒྱུ་ཡང་ཁོ་རང་གི་སྔ་ལོགས་ཀྱི་རྣམ་ཤེས་དེ་ཡིན་པས་ན་རང་གི་སྐྱེ་བ་ཐོག་མའམ་དང་པོ་འདི་ནས་ཡིན་ཞེས་པའི་ཚད་འཛིན་ས་ཞིག་དང་འཚལ་ནས་བརྙེད་རྒྱུ་མེད་པ་ཞིག་ཡིན་པ་རེད།

དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་རང་ཉིད་གནས་སམ་ཡུལ་ལུང་གང་ས་གང་དུ་སྐྱེ་བ་མང་དུ་ལེན་ཡོད་པ་དང་། གང་དུ་སྐྱེ་བ་ལེན་པའི་གནས་སྐབས་ཕལ་ཆེ་བར་རང་ཉིད་ཀྱི་ལུས་ཕུང་གི་བདག་རྐྱེན་དུ་གྱུར་པའི་ཕ་མ་གཉིས་ཡོད་པ་དེ་གཏན་འཁེལ་བ་ཞིག་ཡིན་པ་དང་། ཕ་མ་ཡོད་པའི་གནས་སྐབས་རྣམས་སུ་རང་གི་ཚེ་སྲོག་དང་ལུས་ཕུང་དེ་ཉིད་ཕ་མས་བྱམས་དང་བརྩེ་བའི་སྒོ་ནས་གཉོར་སྐྱོང་བྱེད་མྱོང་བ་ཤ་དག་ཡིན་པ་དེ་ནི། ད་ལྟའི་མི་དང་དུད་འགྲོ་གང་ཡིན་ཀྱང་ཕ་མ་དེ་དག་གིས་རང་གི་ཕྲུ་གུའི་ཆེད་དུ་ཕ་མའི་ལུས་ངག་ཡིད་གསུམ་ཆར་བློས་གཏོང་མཁན་ཡོད་པ་དེ་དག་ལས་གསལ་བར་ཤེས་ནུས་པ་ཞིག་རེད།

རྒྱུ་འབྲས་ཀྱི་རིག་པ་དེ་དག་ལ་བརྟེན་ནས་སེམས་ཅན་ཐམས་ཅད་རང་གི་ཕ་མ་ཡིན་པར་ཤེས་ན། ཨ་མའི་དྲིན་གཟོ་དགོས་པ་དེ་ནི་དམ་པའི་ལྷ་ཆོས་དང་མཐུན་པ་དང་འཇིག་རྟེན་ཡ་རབ་ཀྱི་སྤྱོད་པ་དང་མཐུན་པ་ཞིག་ཡིན་པ་མ་ཟད་དེ་དག་ལ་རང་གི་ལུས་ངག་ཡིད་གསུམ་གྱིས་སྒོ་ནས་བསྙེན་བཀུར་བྱས་པ་ཡིན་ན་ཕན་ཡོན་ཆེན་པོ་ཡོད་པར་གསུངས་ཡོད། དེ་ཡང་མངོན་པ་མཛོད་གནས་བཞི་པའི་སྐབས་སུ། འཕགས་པ་མིན་ཡང་ཕ་མ་དང་།། ནད་པ་དང་ནི་ཆོས་སྨྲ་དང་།། སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ།། ཡོན་ནི་གཞལ་དུ་མེད་པ་ཡིན།། ཞེས་སེམས་ཅན་ཐམས་ཅད་ལ་ཡོན་སོགས་ཕུལ་བའི་སྒོ་ནས་བསྙེན་བཀུར་བྱས་ན་ཕན་ཡོན་ཆེ་བ་མ་ཟད་ལྷག་པར་དུ་ཚེ་འདིའི་རང་གི་ཕ་མ་དང་།  ནད་པ། དེ་བཞིན་ཆོས་སྨྲ་མཁན།  སྲིད་པ་མཐའ་མ་པའི་གང་ཟག།   བྱང་ཆུབ་སེམས་དཔའ། དེ་དག་ལ་རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་ནས་ཞབས་ཏོག་ཞུས་པ་ཡིན་ན་བསོད་ནམས་ཀྱི་ཚོགས་རྫོགས་ནས་རང་ཉིད་ཀྱི་ལས་ངན་པའི་སྡིག་སྒྲིབ་དང་མ་རིག་པའི་མུན་པ་ཇེ་སྲབ་ཏུ་ཕྱིན་པ་དང། ཤེས་བྱ་ལ་བློ་གྲོས་རབ་ཏུ་རྒྱས་པ་དང་སེམས་ཅན་ལ་སྙིང་བརྩེ་བའི་བྱང་ཆུབ་ཀྱི་སེམས་དེ་དག་རང་གི་རྒྱུད་ལ་བསྐྱེད་སླ་བར་གསུངས་པ་དང་། སྤྱོད་འཇུག་ལས། །ཕན་པར་བསམ་པ་ཙམ་གྱིས་ཀྱང་། །སངས་རྒྱས་མཆོད་ལས་ཁྱད་འཕགས་ན། །སེམས་ཅན་མ་ལུས་ཐམས་ཅད་ཀྱི། །བདེ་དོན་བརྩོན་པ་སྨོས་ཅི་དགོས། ཞེས་མར་གྱུར་འགྲོ་བ་དེ་དག་གི་ལུས་ངག་ཡིད་གསུམ་གྱི་སྡུག་བསྔལ་དེ་དག་ལ་བསམ་བློ་ཞིག་བཏང་ནས་དེ་ལྟ་བུའི་འགྲོ་བ་དེ་དག་ལ་སྡུག་བསྔལ་འདི་ལྟ་བུ་མེད་ན་ཅི་མ་རུང་། ངས་རང་ནུས་གང་ཡོད་ཀྱིས་དེ་དག་ལ་ཕན་པ་ཞིག་སྒྲུབ་པར་བྱའོ་སྙམ་པའི་བྱམས་པའི་སེམས་དང་སྙིང་རྗེའི་སེམས་དུས་ཐུང་ངུ་ཞིག་རང་རྒྱུད་ལ་བསྐྱེད་པ་ཙམ་གྱིས་ཀྱང་རང་ཉིད་ཀྱི་སྡིག་སྒྲིབ་མང་པོ་དག་འགྲོ་བའི་ཕན་ཡོན་ཡོད་པ་དང་། དངོས་སུ་གཞན་དོན་གྱི་ལས་ལ་འཇུག་ན་ཧ་ཅང་གི་ཕན་ཡོན་ཆེན་པོ་ཞིག་ཡོད་པར་གསུངས་ཡོད་པ་རེད།

བཞི་པ། ཕ་མ་སེམས་ཅན་དེ་དག་གིས་རང་ཉིད་བྱམས་ཀྱི་སྐྱོང་མྱོང་བའི་རྒྱུ་མཚན་ལ་བསམ་ཏེ་དེ་དག་ལ་དྲིན་ལན་གཟོ་བའི་རིམ་པ་བཤད།

བླ་མ་བརྒྱུད་པའི་མན་ངག་གི་དབང་དུ་བྱས་ན། དང་པོ་ནས་ང་ཚོ་མི་ཕལ་པ་ཞིག་ལ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ལས་ཀ་རྒྱ་ཆེན་པོ་ཞིག་དང་དམིགས་ཡུལ་རྒྱ་ཆེ་བའི་བསམ་བློ་དེ་འདྲ་སྐྱེ་མ་ཐུབ་ནའང་། རང་གི་ཚེ་འདིའི་ཕ་མ་དང་། སློབ་དཔོན། དགེ་རྒན་སོགས་རང་ལ་བཀའ་དྲིན་ཆེ་བ་དག་ནས་འགོ་བཟུང་སྟེ་རིམ་བཞིན་བསམ་བློའི་དམིགས་ཡུལ་རྒྱ་ཆེར་གཏོང་བ་ལ་སློབ་སྦྱོང་དང་ཉམས་ལེན་བྱས་པ་ཡིན་ན་རིམ་བཞིན་ད་ལྟའི་རང་སོ་སོའི་རྒྱུད་ལ་ཡོད་པའི་འདོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོག་སོགས་རང་རྒྱུད་ངན་པའི་དྲི་མ་རྣམས་རིམ་བཞིན་དག་ནས་གཞན་ཕན་སྒྲུབ་པ་ལ་སྤྲོ་བ་ཡོད་པའི་མི་ཞིག་ཆགས་རྒྱུ་ཡིན་པ་དེ་ནི་གཏན་འཁེལ་བ་ཞིག་རེད།

བསྙེན་བཀུར་གྱི་རིམ་པ་ལ་ཡང་རྣམ་པ་མི་འདྲ་བ་གསུམ་ཡོད། རབ་སྒྲུབ་པའི་མཆོད་པ། འབྲིང་ལུས་ངག་གི་ཞབས་ཏོག   མཐའ་མ་ཟང་ཟིང་གི་འབུལ་བ་ཞེས་གསུམ་ཡོད། རབ་སྒྲུབ་པའི་མཆོད་པ་དེ་ནི་བསྙེན་བཀུར་ཞུ་སའི་ཕ་མ་དང་བླ་མའི་བཀའ་བཞིན་ལས་དོན་ཁག་ལེགས་པར་སྒྲུབ་དགོས་པ་དེ་ཡིན། འབྲིང་ལུས་ངག་གི་ཞབས་ཏོག་ནི་བཀའ་བཞིན་སྒྲུབ་མ་ཐུབ་ན་རང་གིས་ལུས་ཀྱི་སྒོ་ནས་ཕ་མ་ལ་ཞབས་ཏོག་ཞུས་པ་དེ་དག་དང་། ངག་གི་སྒོ་ནས་ཕ་མའི་འདོད་བློ་དང་འཚམ་པའི་སྐད་ཆ་བཤད་ཡས་དང་སྐུ་ཁམས་བདེ་མིན་སོགས་ཀྱི་འཚམ་འདྲི་སོགས་ཞུ་རྒྱུ་དེ་རེད། ཡིད་ཀྱི་སྒོ་ནས་རྒྱུན་དུ་སེམས་ནང་ལ་ཕ་མ་དེ་རང་ཉིད་ལ་བཀའ་དྲིན་ཆེ་ཤོས་དང་སྙིང་ཉེ་ཤོས་ཡིན་པར་སྒོམ་པའམ་ཡང་ན་རྒྱུན་དུ་ནས་བསམ་བློའི་ནང་ལ་མཉམ་འཇོག་དང་ལྷང་ངེར་འཁོར་དགོས་པ་དེ་དག་ཡིན། མཐའ་མ་ཟང་ཟིང་གི་འབུལ་བ་ནི་ཕ་མ་དག་ལ་རྒྱུ་དཔལ་འབྱོར་བཏང་ནས་དྲིན་ལན་གཟོ་རྒྱུ་ཡིན་པ་བཅས་གསུམ་པོ་དེ་དག་ནི་བསྙེན་བཀུར་ཞུས་པ་ཟེར་ནའང་འདྲ། དྲིན་གཟོ་བ་ཞེས་པའི་དྲིན་གཟོ་ཚུལ་ཞིག་ཡིན། དེ་འདྲའི་བསམ་བློ་དེ་མངོན་གྱུར་ཐུབ་ཚེ་གཞི་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་སྙིང་རྗེ་བསྐྱེད་པའི་རྒྱུ་དེ་རིམ་པས་ཚང་ནས་ལྷག་བསམ་རྣམ་དག་གི་ཐོག་ནས་གཞན་ཕན་སྒྲུབ་པའི་ནུས་པ་ལྡན་པ་དང་། སྤྱི་ཚོགས་སྟེང་གི་གནས་བབས་མཐོ་དམན་གང་དུ་བསྡད་ཀྱང་རུང་། མི་སུ་འདྲ་ཞིག་དང་འགྲོག་ཀྱང་རུང་གང་ལྟར་འཆམ་མཐུན་དང་གཞི་མཐུན་ངང་ནས་གནས་ཐུབ་པ་ཞིག་ཡོང་ངེས་པ་ཞིག་རེད།

གོང་དུ་བཀོད་པའི་རྒྱུ་འབྲས་ཀྱི་རིགས་པ་དེ་ནི་ང་ཚོས་ཕ་མ་མ་ཡིན་པ་ཞིག་ཕ་མ་ཡིན་པར་སྒྲུབ་པ་ཞིག་རྩ་བ་ནས་མ་ཡིན་པར། ང་ཚོས་ད་བར་དྲན་མ་ཐུབ་པའི་ཕ་མ་དག་ངོ་སྤྲོད་བྱེད་པའི་ཐབས་ཤེས་སམ་རིགས་པ་ཞིག་ཡིན།   དེ་ཡང་དཔེའི་སྟེང་ནས་གསལ་བཤད་ཞིག་བྱས་པ་ཡིན་ན། དཔེར་ན། དྲན་པ་ཉམས་ཟིན་པའི་བུ་ལྟ་བུ་ལ་ཚོན་ན། བུ་དེའི་སེམས་ལ་རང་གི་མདུན་ན་ཡོད་པའི་རང་ཉིད་ཀྱི་ཨ་མ་དེ་སོ་སོའི་ཨ་མ་དངོས་དེ་ཡིན་ཀྱང་དེ་ལ་ཨ་མ་ཡིན་པའི་བརྩེ་བ་དེ་རྩ་བ་ནས་ཡོད་མ་རེད། དེ་སུའི་སྐྱོན་རེད་ཟེར་ན་་བུ་དེ་དྲན་པ་ཉམས་པའི་དབང་གིས་རང་གི་ཨ་མ་ལ་ཨ་མ་ཡིན་པའི་འདུ་ཤེས་དེ་བསྐྱེད་མ་ཐུབ་པ་ཞིག་ཡིན་པ་ལས། ཨ་མ་དེ་ཁོ་རང་གི་ཨ་མ་མ་ཡིན་པའི་སྐྱོན་མ་ཡིན་པ་ལྟར། ང་ཚོ་ཡང་སྐྱེ་བ་སྔོན་མའི་ལུས་ཕུང་དང་བྲལ་བའི་དབང་གིས་སྐྱེ་བ་སྔ་མའི་ཕ་མ་དག་ངོ་མི་ཤེས་པར་གྱུར་པ་རེད་མ་གཏོག་སེམས་ཅན་དེ་དག་རང་ཉིད་ཀྱི་ཨ་མ་མ་ཡིན་པའི་རྒྱུ་མཚན་གྱིས་ང་ཚོས་མ་དྲན་པ་ཞིག་གཏན་ནས་མིན་པ་ཞིག་རེད། དེས་ན་མར་གྱུར་སེམས་ཅན་དེ་དག་གི་དྲིན་གཟོ་དགོས་ལ་གཟོ་དགོས་པའི་གོ་སྐབས་ཀྱང་སྐྱེ་བ་ད་ལྟའི་མི་ལུས་ཐོབ་པའི་ལུས་རྟེན་འདི་ཉིད་ལ་ཡོད་པ་ཞིག་གོ །

མདོར་ན།  ཕ་མར་དྲིན་གཟོ་དགོས་པར་མ་ཟད།  སེམས་ཅན་ཐམས་ཅད་ཀྱང་མ་རུ་སྒོམ་ནས་དེ་དག་གི་དྲིན་གཟོ་དགོས་ཏེ།  འདི་ལྟ་བའི་བསམ་པ་རྒྱ་ཆེན་དུ་བསྐྱེད་པ་ནི་མི་དང་མི་ཡི་དབར་གྱི་འབྲེལ་བ་དང་།  མི་དང་སྤྱི་ཚོགས་དབར་གྱི་འབྲེལ་བ།  མི་དང་རང་བྱུང་ཁམས་བར་ཀྱི་འབྲེལ་བ་སོགས་འཆམ་མཐུན་ཡོང་བར་བྱེད་པའི་ཐབས་ལམ་དམ་པ་ཞིག་ཀྱང་ཡིན་ནོ།།