行持戒律报答众生恩

发布时间: 2018-03-26 09:23:00 来源: 扎西旺堆

【内容摘要】本文论述了戒律并非唯出家人所行持,若在家人行持戒律,可防止现代很多不如法的行为;并对21世纪至关重要的道德,卫生及其共体表现不伤害,节约等方面的践行大有裨益,特别现代人若能修持居士戒,诚如佛典及其注疏,定会饶益今生后世。

关键词:居士、戒律、卫生、佛法

དང་པོ། གླེང་གཞི་སྡེ་བཟང་དྲུག་ཅུའི་ཚོགས་ལ་དགེ་བསྙེན་གྱི་སྡོམ་པ་ཐོག་མར་གནང་བའི་སྐོར། 

དེང་གི་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཚུལ་མིན་བྱ་སྤྱོད་དེ་མི་ལོ་སྟོང་ཕྲག་སྔོན་ནས་ སྟོན་པ་ཤཱཀྱ་ཐུབ་པས་གཟིགས་ནས་གསུངས་པ་འདི་ལྟར། ཁྱིམ་པ་རྣམས་ལ་དགོངས་ནས་དགེ་བསྙེན་གྱི་སྡོམ་པ་ཞེས་པ་གསུངས་ཡོད་པ།

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། དེ་ཡང་། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་རྒྱ་གར་གྱི་ཡུལ་ཆེན་པོ་དྲུག་གི་ནང་ཚན་ཝཱ་ར་ཎཱ་སི་ནས་གྲོང་ཁྱེར་སྡེ་ཅན་དུ་བྱོན་ཏེ། དེ་ན་རས་བལ་ཅན་གྱི་ནགས་ཚང་ཚིང་དུ་ཕེབས་ནས་ཤིང་དྲུང་དུ་བཞུགས་པའི་སྐབས། དེའི་ཚེ་ན་གྲོང་ཁྱེར་དེའི་མི།  སྡེ་བཟང་དྲུག་ཅུའི་ཚོགས་ཞེས་པ་གླུ་གར་མཁན་གྱི་ཚོགས་པ་ལྟ་བུ་ཞིག་ཡོད་པ་དེ་དག་གིས་ཉི་མ་རེ་རེ་ཞིང་གྲོང་ཁྱེར་སྡེ་ཅན་གྱི་ཕྱི་རོལ་ཏུ་བུད་མེད་ཀྱི་ཚོགས་པས་བྱས་པའི་རོལ་མོ་མཁན་དང་རྩེ་བ་ན། ཉིན་ཞིག་བུད་མེད་གཅིག་ཚོགས་པ་དེ་དག་ལས་ཁ་བྲལ་ཏེ་བྲོས་པར་སོང་། དེའི་ཚེ་སྡེ་བཟང་དྲུག་ཅུའི་ཚོགས་ཀྱིས་བུད་མེད་དེ་འཚོལ་ཞིང་རས་བལ་ཅན་གྱི་ནགས་ཚང་ཚིང་དུ་སོང་བ་དང་། སྟོན་པ་བཅོམ་ལྡན་འདས་མཛེས་པ། དད་པར་འོས་པ། དབང་པོ་ཞི་བ། ཐུགས་ཞི་བ། ཐུགས་མཆོག་ཏུ་དུལ་བ་སོགས་ཀྱི་སྒོ་ནས་ཤིང་དྲུང་ན་བཞུགས་པ་མཐོང་ནས། བཅོམ་ལྡན་འདས་ལ་བུད་མེད་ཅིག་གཟིགས་སམ་ཞུས་པའི་ཚེ། སྟོན་པས་གཞོན་ནུ་དག  བུད་མེད་དེ་ཁྱེད་ཀྱི་འཚོལ་བ་ཅི་ཡིན། ཞེས་པའི་སྐབས། དེ་དག་གིས། བདག་ཅག་བུད་མེད་ཀྱིས་བྱས་པའི་རོལ་མོས་རྩེ་བ་བྱེད་པ་ལས་བུད་མེད་གཅིག་དམ་བཅས་པ་བྲལ་ནས་བྲོས་པ་དེ་འཚོལ་བ་ཡིན་ཞེས་ཞུས། སྟོན་པས་གཞོན་ནུ་ཁྱེད་དག  བུད་མེད་འཚོལ་བ་དང་། བདག་ཉིད་འཚོལ་བ་གང་འདམ། གསུངས་པའི་ཚེ། དེ་དག་གིས་བཙུན་པ། བུད་མེད་ཀྱིས་ཅི་བགྱི། བདག་ཉིད་འཚོལ་བ་འདམ་ལགས། ཞུས་ཚེ། འདུག་དང་། ཆོས་བཤད་དོ།  གསུངས་ནས་དེ་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་ཕྱོགས་གཅིག་ཏུ་འདུག་པ་དང་། དེ་དག་ལ་སྟོན་པས་སྦྱིན་པ་དང་། ཚུལ་ཁྲིམས། མཐོ་རིས་ཀྱི་གཏམ་དང་། འདོད་པའི་ཉེས་དམིགས། ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་བསྔགས་པ་དང་། རྣམ་བྱང་གི་ཆོས་རྣམས་བཤད་དོ། དེ་དག་དགའ་བ་དང་། སྐལ་བ་དང་ལྡན་པར་གཟིགས་ནས་འཕགས་པའི་བདེན་པ་བཞི་རྒྱ་ཆེར་བཤད་པས་སྡེ་བཟང་དྲུག་ཅུའི་ཚོགས་ཀྱིས་སྟན་དེ་ཉིད་ལ་འདུག་བཞིན་དུ་བདེན་པ་མཐོང་ནས། བཙུན་པ། བདག་ཅག་འཕགས་སོ། མངོན་པར་འཕགས་སོ། བདག་ཅག་བཅོམ་ལྡན་འདས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་མཆི་ལགས་ཀྱིས། དགེ་བསྙེན་དུ་བཟུང་དུ་གསོལ། ཇི་སྲིད་འཚོ་བའི་བར་དུ་སྲོག་དང་ཡང་བསྡོས་ཏེ་སྐྱབས་སུ་མཆི་བར་མངོན་པར་དད་ལགས་སོ། །དེ་ནས་སྡེ་བཟང་དྲུག་ཅུའི་ཚོགས་ཡིད་རངས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་ཕྱག་བྱས་ཏེ་སོང་ངོ། ཞེས་ཁྱིམ་པ་དེ་དག་རྗེས་སུ་བཟུང་བར་དགེ་བསྙེན་གྱི་སྡོམ་པ་ཞེས་དེ་ལྟར་དུ་གནང་བའོ་ཞེས་ལོ་ངོ་ཉིས་སྟོང་སྔོན་ནས་རྒྱ་གར་གྱི་གྲོང་ཁྱེར་སྡེ་ཅན་དུ་སྟོན་པ་བཅོམ་ལྡན་འདས་ཀྱིས་གྲོང་ཁྱེར་དེའི་གླུ་གར་མཁན་སྡེ་བཟང་དྲུག་ཅུའི་ཚོགས་ལ་སྦྱིན་པ་བཏང་བ་དང་། ཚུལ་ཁྲིམས་སྲུང་བའི་ཕན་ནུས་སོགས་དང་འདི་ཕྱི་གཉིས་ཀར་བདེ་བའི་རྒྱུ་ཡིན་པའི་ངོ་སྤྲོད་དང་། དེའི་འབྲས་བུ་མཐོ་རིས་ལྷ་མིའི་འགྲོ་བ་དང་དེ་འཐོབ་པའི་གཏམ་དང་། འདོད་པའི་ཉེས་དམིགས། མཐར་ངེས་པར་འབྱུང་བ་དང་། རབ་ཏུ་དབེན་པའི་བསྔགས་པ་དང་། རྣམ་བྱང་གི་ཆོས་རྣམས་གསུངས་པས་དེ་དག་ཆོས་ཉིད་ཀྱི་བདེན་པ་མཐོང་བས་ལུས་སེམས་བདེ་བའི་རྒྱུར་འགྱུར་བས་ཁོང་ཚོས་སྐབས་དེ་ནས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སྟོན་པའི་སྤྱན་སྔར་ཁས་བླངས་བ་དང་། སྟོན་པས་ཁྱིམ་པ་དེ་དག་རྗེས་སུ་བཟུང་བར་དགེ་བསྙེན་གྱི་སྡོམ་པ་ཞེས་དེ་ལྟར་དུ་སྣང་།

སྤྱིར་ན་དགེ་བསྙེན་ཞེས་པ་ལེགས་སྦྱར་སྐད་དུ་ཨུ་པ་སི་ཀ་ཞེས་པ་ཡིན་ལ། ཨུ་པ་ནི་བོད་སྐད་དུ་ཉེ་བའམ་བསྙེན་པ་ཡིན་ལ། སི་ཀ་ནི་དགེ་བ་ཡིན་པས་དགེ་བསྙེན་ཞེས་བྱ་སྟེ། དགེ་བའི་ཆོས་ལ་བསྙེན་བཀུར་བྱེད་པའི་དོན་ཡིན། མདོར་ན་དགེ་བའི་ཆོས་ལ་བསྙེན་བཀུར་ཞིང་སྡོམ་པ་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ངན་པ་སྡོམ་པའམ་སྤོང་བའི་ལུས་ངག་ཡིད་ཀྱི་སྤྱོད་པ་ཞིག་གོ་ན་ཆོག 

གཉིས་པ། སྟོན་པ་སྐུ་མྱ་ངན་ལས་འདའ་ཁ་མར་འཁོར་གྱི་དགེ་སློང་རྣམས་ལ་ཆེད་དུ་གདམས་པ།  

ཇི་སྐད་དུ་སོར་མདོ་ལས།

ང་ནི་མྱ་ངན་འདས་འོག་ཏུ། །

འདི་ནི་ཁྱོད་ཀྱི་སྟོན་པའོ་ཞེས། །

རང་བྱུང་ཉིད་ཀྱིས་གུས་བཅས་པར། །

ནན་ཏན་དགེ་སློང་ཚོགས་མདུན་བསྟོད། །

ཅེས་གསུངས་པ་བཞིན་སྟོན་པ་སྐུ་མྱ་ངན་ལས་འདས་པའི་རྗེས་སུ་དམ་ཆོས་འདུལ་བ་ནི་སྟོན་པ་ཡང་ཡིན་ལ་བསྟན་པའང་ཡིན་ཞེས་ཤིན་ཏུ་ནས་རྩིས་ཆེན་བྱེད་དགོས་ཚུལ་བསྟན་པ་ཡིན། སྤྱིར་ན་འདུལ་བ་ཞེས་པའི་གོ་དོན་ལ་གཉིས་གསུངས་ཏེ། ཉོན་མོངས་འདུལ་བ་དང་ལྟུང་བ་འདུལ་བ་ཞེས་གཉིས་སུ་གསུངས་ཡོད། དེ་ལྟར་འདུལ་བ་ཞེས་ཟེར་དུས་མི་ཕལ་ཆེ་བས་རབ་ཏུ་བྱུང་བའམ་གྲྭ་པ་ཞིག་དང་། ཡང་ན་བཙུན་མ་རྣམས་ཀྱི་སྲུང་བྱ་དང་ལག་ལེན་དུ་བསྟར་རྒྱུ་ཞིག་དང་། ཡང་མི་མང་དག་ཅིག་གིས་འདུལ་ཁྲིམས་ཞེས་གོ་ཡོང་དུས་ཆང་རག  མི་འཐུང་བ།  མི་གཙང་བ་མི་སྤྱོད་པ། སྲོག་མི་གཅོད་པ་སོགས་དགོན་པ་རྣམས་ཀྱི་ཁྲིམས་ཞིག་ཡིན་པར་བསམ་པ་ལས་འདིས་མིའི་རིགས་སྤྱི་དང་ལྷག་པར་དུས་རབས་ཉེར་གཅིག་པའི་སྤྱི་ཚོགས་འདི་ལྟ་བུ་ལ་ཤིན་ཏུ་ནས་དགོས་གལ་ཆེ་བའི་རིན་ཐང་དེ་རྟོགས་མེད། ནང་བསྟན་ཆོས་ལུགས་ཀྱི་སློབ་གསོ་སྤྱི་དང་། ལྷག་པར་དུ་དམ་ཆོས་འདུལ་བའི་བསྟན་དོན་ལྟར་ཉམས་སུ་བླངས་ན་ཀུན་སྤྱོད་གཙང་བ། འཕྲོད་བསྟེན་བཟང་བ། འགྲོན་ཆུང་བསིལ་ཚགས། ཀུན་ལ་འཚེ་བ་མེད་པ། ཞི་བདེ་སོགས་རྒྱལ་ཁབ་ཅིག་དང་། ཁྱིམ་ཚང་ཞིག གཟའ་ཟླ་ཞིག མི་སྒེར་ཞིག་ཐམས་ཅད་ཀྱིས་རེ་འདོད་དང་། དེང་སྨོན་པའི་གནས་སུ་འབོད་སྐུལ་བྱེད་སའི་སྙེག་ཡུལ་དེར་སླེབས་ངེས། དེས་ན་སྤྱི་ཚོགས་ཁྲོད་ཀྱི་ཁྱིམ་བདག་ཕ་མ་རྒན་རྒོན་དང་། ན་གཞོན་གྱི་གཟའ་ཟླ། མཛའ་བཤེས་ གྲོགས་པོ་རྣམས་ཀྱིས་དགེ་བསྙེན་གྱི་སྡོམ་པ་ལེན་པ་ནི་ཚེ་འདི་དང་ཕྱི་མ་གཉིས་ཀར་ཕན་པའི་བླ་མེད་ཀྱི་ལམ་བཟང་པོ་ཞིག་རེད།  

གསུམ་པ། དེང་སྐབས་འཇིགས་སུ་རུང་བའི་ཨེ་ཛིའི་ནད་ཀྱི་འགོས་ལམ་གཅིག་གི་གཉེན་པོར་སོང་བ་བཤད་པ།  

འཕྲོད་བསྟེན་གྱི་ཐོག་ནས་བཤད་ན། དགེ་བསྙེན་གྱི་སྡོམ་པ་དེ་ནི་ ཨེ་ཛིའི་ནད་ཀྱི་འགོས་ལམ་གཅིག་གི་གཉེན་པོར་འགྲོ་སྟེ། དེང་སྐབས་ན་གཞོན་ཕོ་མོའི་ཚུལ་མིན་གྱི་་ལུས་འབྲེལ་ནི་འཇིགས་སུ་རུང་བའི་ཨེ་ཛིའི་ནད་ཀྱི་འགོས་ལམ་གཅིག་ཡིན་པ་དང་། དགེ་བསྙེན་གྱི་སྡོམ་པ་ནི་ཨེ་ཛིའི་ནད་ཀྱི་འགོས་ལམ་དེའི་གཉེན་པོར་འགྲོའོ།།

དེང་འཛམ་གླིང་ཐོག་འཇིགས་སུ་རུང་བའི་ནད་ངན་ཞིག་སྟེ། དེ་ནི་ཨ་ཛིའི་ནད་ཅེས་པ་དེ་རེད། དེས་ན་ཡུལ་གྲུ་སོ་སོའི་སྐྱེ་བོ་ཚོས་རང་རང་གི་ས་རུ་ཨེ་ཛི་ནད་ཡམས་སྔོན་འགོག་བྱ་རྒྱུ་ནི་རང་འཁྲིའི་ལས་འགན་ཞིག་རེད་ལ། རང་ཉིད་སོ་སོ་ནས་འགོ་བཙུགས་ཏེ་ལག་གདང་དཔུང་སྦྲེལ་ངང་ཨེ་ཛི་ཀླད་ཀོར་གྱི་ཕུགས་བསམ་ཕྱོགས་ལ་གོམ་ཆེན་མདུན་སྐྱོད་བྱེད་དགོས། ཞེས་པ་ལྟར། དགེ་བསྙེན་གྱི་སྡོམ་པ་དེ་ལེན་ཐུབ་ན་འདི་ཕྱི་གཉིས་ཀར་བདེ་བའི་ལམ་སྲོལ་བཟང་པོ་ཞིག་རེད་ལ།  འཛམ་གླིང་གི་མི་ཐམས་ཅད་ཀྱིས་ནང་བསྟན་དམ་ཆོས་འདུལ་བའི་བསྟན་དོན་ཉམས་སུ་ལེན་ཐུབ་ན། ཀུན་སྤྱོད་གཙང་བ། འཕྲོད་བསྟེན་བཟང་བ་སོགས་ཀྱི་དགེ་མཚན་བླ་མེད་ཅིག་ཐོབ་ཐུབ། འོ་ན་ཁྱིམ་ཐབ་པ་དག་གིས་འདུལ་བའི་བསྟན་དོན་ཉམས་སུ་ལེན་ཆོག་གམ་ཞེ་ན། ཆོག་སྟེ། འདུལ་བ་མདོ་རྩར། སྐྱབས་སུ་འགྲོ་བ་ཁས་བླངས་པའི་ཚིག་རྩོམ་པ་དང་དགེ་བསྙེན་ཉིད་དུ་ཁས་བླང་བའི་ཚིག་བྱའོ། དེའི་འོག་ཏུ་བསླབ་པ་བརྗོད་པ་ཁས་བླང་བའི་ཚུལ་གྱིས་བྱའོ། ཞེས་གསུངས་པའི་དོན་ལྟར་དགེ་བསྙེན་ཉིད་དུ་བསྒྲུབ་པར་བྱ་བ་གསུངས་ཡོད། སྤྱིར་ན་འདི་ལ་ཐོག་མར་སྡོམ་པ་དེ་ཇི་ལྟར་ལེན་ཚུལ། བར་དུ་མི་ཉམས་པར་སྲུང་བའི་ཚུལ། མཐར་ཉམས་ན་ཕྱིར་བཅོས་ཚུལ། སྡོམ་པའི་ཕན་ཡོན་བཤད་པ་ཞེས་ཡོད་ལ། ཐོག་མར་སྡོམ་པ་ལེན་ཚུལ་སློབ་དཔོན་དང་བླ་མ་དམ་པའི་དྲུང་ནས་ལེན་དགོས་པ་སོགས་ཇི་ལྟར་ལེན་ཚུལ་སྡོམ་པ་ལེན་ཆོག་ལས་ཤེས་པར་བྱ་ལ། དཔེར་ན་སྨིན་གླིང་གཏེར་ཆེན་གྱི་ཁྱིམ་པ་རྗེས་སུ་བཟུང་བའི་ཆོ་ག་ལྟ་བུ་ལས་ཤེས་པར་བྱའོ། ། འདིར་སྐབས་བབ་ཀྱི་བརྗོད་པར་བྱ་བ་ནི། བར་དུ་མི་ཉམས་པར་སྲུང་བའི་ཚུལ་ལས་བསླབ་བྱའི་རྐང་གྲངས་ཙམ་སྨོས་ན། མངའ་རིས་པཎ་ཆེན་གྱི་སྡོམ་གསུམ་རྣམ་ངེས་ལས།

གསོད་རྐུ་རྫུན་མ་འདོད་པས་ལོག་པར་གཡེམ། །

  མྱོས་འགྱུར་སྤང་རྣམས་དགེ་བསྙེན་སྡོམ་པ་སྟེ། །

   གང་འདོད་ཁས་ལེན་གྲངས་ལྟར་སྣ་གཅིག་སྤྱོད། །

   སྣ་འགའ་ཕལ་ཆེར་སྤྱོད་དང་ཡོངས་རྫོགས་སྤྱོད། །

  གཅིག་གཉིས་གསུམ་དང་ལྔ་སྤོང་དེ་ཡི་སྟེང་། །

     མི་ཚངས་སྤྱོད་སྤོང་ཚངས་སྤྱོད་དགེ་བསྙེན་ནོ། །

ཞེས་གསུངས་པ་ལྟར། རང་རང་གི་རྒྱུད་ཚོད་དང་བསྟུན་པའི་བསླབ་བྱ་དང་སྲུང་བྱ་གཅིག་ནས་ལྔ་ཡི་བར་གསུངས་ཡོད། དེ་ལྟར་དགེ་བསྙེན་ལ་སྤང་བྱ་ལྔ་ཞེས་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། མྱོས་འགྱུར་ཏེ་ལྔ་རང་འདོད་ལྟར་དཔེར་ན་སྲོག་གཅོད་ཙམ་སྤོང་བ་སྣ་གཅིག་སྲུང་བར་སྣ་གཅིག་སྤྱོད་པའི་དགེ་བསྙེན་ཞེས་དང་། དེའི་སྟེང་མ་བྱིན་ལེན་ཙམ་སྤོང་བ་སྣ་འགའ་སྤྱོད་པའི་དགེ་བསྙེན། དེ་གཉིས་ཀྱི་སྟེང་རྫུན་དང་གསུམ་སྤོང་བ་ཕལ་ཆེར་སྤྱོད་པའི་དགེ་བསྙེན། དེ་གསུམ་གྱི་སྟེང་དུ་འདོད་ལོག་དང་ཆང་ཏེ་ལྔ་ཆར་སྤོང་བ་ཡོངས་རྫོགས་དགེ་བསྙེན་ཞེས་བརྗོད་ན་དམ་ཆོས་འདུལ་བའི་ཁྲིམས་ཟེར་དུས་བཙན་ཁྲིམས་ཞིག་མིན་པར་འདི་ལྟ་བུས་ཀྱང་ཤེས་ནུས།   

བཞི་པ། རྩ་བའི་སྤང་བྱ་བཞི་པ་ཨེ་ཛིའི་ནད་འཇོམས་དངོས་གཉེན་འདོད་ལོག་སྤོང་བ་རྒྱས་བཤད།  

དེང་གི་མཁན་དབང་བསོད་དར་རྒྱས་ཀྱི་མི་ཚེའི་རྨི་ལམ་ཞེས་པ་ལས།དེང་གི་དུས་འདིར་མི་རྣམས་ཀྱིས་རང་ཉིད་འཚོལ་ཞིབ་ཀྱི་སློབ་གསོར་བརྟེན་ནས། རང་གི་མི་ཚེའི་ཁ་ཕྱོགས་གཏན་ཁེལ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ལ། མི་ཚེའི་ཁ་ཕྱོགས་དང་སྙེགས་ཡུལ་མ་ནོར་ན། ད་གཟོད་ཚེ་སྲོག་འོད་སྟོང་དང་ལྡན་ཞིང་མི་ཚེར་དོན་སྙིང་ཡོད་པ་རེད། ཅེས་པ་ལྟར་མི་ཚེར་དོན་སྙིང་ལྡན་པའི་ལས་ཤིག་བསྒྲུབ་བསམ་ན་ཚེ་སྲོག་འཕྲོག་པའི་གཤེད་མ་ངོས་ཟིན་ནས་སྔོན་འགོག་ལ་བརྩོན་དགོས། དེས་ན་འདོད་ལོག་ཅེས་པའི་ཐ་སྙད་དེའི་གོ་དོན་ནི། དགེ་བསྙེན་པ་རྣམས་ཀྱིས་རང་གི་བཟའ་ཟླ་མ་ཡིན་པ་ལ་འཁྲིག་པ་སྤྱོད་ན་དེ་ནི་འདོད་པས་ལོག་པར་གཡེམ་པ་ཞེས་བྱ། དེས་ན་འདི་ནི་ཁྱིམ་པའི་ཁྲིམས་ཤིག་རེད་ལ་ཡིན་པར་ཡང་གསུངས་ཏེ།   རྫ་དཔལ་སྤྲུལ་གྱི་ཀུན་བཟང་བླ་མའི་ཞལ་ལུང་ལས། སྔོན་བོད་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ། དགེ་བ་བཅུའི་ཁྲིམས་བཅས་སྐབས་ཁྱིམ་པ་རིགས་ཀྱིས་བསྲུངས་པ། ཆོས་ཀྱིས་བསྲུངས་པ་སོགས་ལ་ཁྱིམ་པ་སྤྱོད་པ་བཀག་པ་ལྟ་བུ་ཡིན། དེས་ན་ཁྱིམ་པ་ཡིན་ཀྱང་ཁྲིམས་དང་ལྡན་པ་ཞིག་དགོས་ཤིང་། རབ་ཏུ་བྱུང་བ་རྣམས་ནི་མི་ཚངས་སྤྱོད་རྩ་བ་ནས་སྤང་དགོས་པ་ཡིན། ལོག་གཡེམ་དེའི་ཉེས་པ་ཆེ་ཤོས་གཞན་གྱི་སྡོམ་པ་གཏོང་བའི་རྐྱེན་བྱས་པ་དང་། གཞན་ཡང་རང་གིས་ཁུ་བ་ཕྱུང་བ། གཞན་གྱིས་བདག་པོ་དང་། གླ་རྔན་སྤྲད་ཚར་བ། རང་དབང་ཡིན་ཀྱང་ཉིན་མོ་དང་། བསྙེན་གནས་སྲུང་བ་དང་། ན་བ་དང་། སྦྲུམ་མ་དང་། མྱ་ངན་གྱི་ནོན་པ་དང་། ཟླ་མཚན་ཡོད་པ་དང་། བང་མ་སངས་པ་དང་། དཀོན་མཆོག་གི་རྟེན་ཡོད་སར་བསྒྲོད་པ་དང་། ཕ་མ་དང་རིགས་ཀྱིས་སྲུང་བ་དང་། མ་སྨིན་པའི་གཞོན་ནུ་མ་དང་། ཁ་དང་བཤང་ལམ་ལ་སོགས་བར་བསྒྲོད་པ་སྟེ། ཡུལ་དུས་གནས་སྐབས་ཀྱི་སྒོ་ནས་ལོག་གཡེམ་གྱི་རྣམ་པ་ཐ་དད་པ་ཉམས་སུ་མྱོང་བའོ། ཞེས་གསུངས་པ་ལྟར་ལོག་གཡེམ་དེ་ནི་ཤིན་ཏུ་ནས་ཉེས་པ་ཆེ་བ་ཞིག་ཡིན་པར་གསུངས་ན། མདོར་ན་རང་གི་བཟའ་ཟླ་མ་ཡིན་པ་གང་བྱུང་དུ་ལུས་འབྲེལ་བྱེད་པ་ནི་ཨེ་ཛིའི་འགོས་ལམ་གཅིག་ཡིན་པ་མ་ཟད། ཆོས་ལུགས་ནས་བཤད་ན་ཡང་ལོག་གཡེམ་ཞེས་སྤྱི་ཚོགས་སྟེང་ཤིན་ཏུ་ནས་སྨད་བྱའི་གནས་སུ་གསུངས་ཡོད། རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱིས། ལོག་གཡེམ་ཤིན་ཏུ་དམད་ཕྱིར་དང་། ། ཞེས་པ་སོགས་གསུངས་ཡོད། བོད་ན་སྔོན་ཆོས་རྒྱལ་མེས་དབོན་རྣམ་པའི་སྐུ་རིང་ལ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཅས་པ་ནི་ཤིན་ཏུ་ནས་འདི་ཕྱི་གཉིས་ཀར་བདེ་བའི་རྒྱུ་ཞིག་རེད་སྙམ། དེས་ན་གོ་ཐོས་ལ་ལྷོ་བརྒྱུད་ནང་བསྟན་དར་སའི་རྒྱལ་ཁབ་ཏུ་དགེ་སློང་གི་འདུལ་ཁྲིམས་མང་དག་ཅིག་རྒྱལ་ཁབ་ཀྱི་རྩ་ཁྲིམས་སུ་གཏན་ལ་དབབས་པར་བཤད་པ་བཞིན་འཛམ་གླིང་ཧྲིལ་པོས་ནང་བསྟན་ཆོས་ལུགས་ཀྱི་འདུལ་ཁྲིམས་ནང་ནས་དེང་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཆེས་དགོས་མཁོ་ལྡན་པའི་རིགས་འདི་དག་ཉམས་ལེན་བྱས་ཚེ་རྐྱེན་ངན་མང་པོ་ཞིག་ལས་གྲོལ་ཐུབ་ངེས།  

ལྔ་པ། ཁྱིམ་པ་རྣམས་ལ་སྟོན་པས་མི་ཚངས་སྤྱོད་སྤོང་མ་གསུངས་པར་འདོད་ལོག་སྤོང་གསུངས་དོན། 

ནང་བསྟན་འདུལ་བའི་དགོངས་དོན་ལྟར་ཁྱིམ་་པ་རྣམས་ལ་མི་ཚངས་སྤྱོད་སྤོང་བར་མ་གསུང་ནས་འདོད་ལོག་སྤོང་བ་གསུངས་པ་དེ། ཁྱིམ་པ་རྣམས་བསླབ་གཞིར་བསྲུང་སླ་བ་ལ་སོགས་པའི་ཕྱིར་གསུངས་པ་ཡིན་ཏེ། གཞན་དུ་མི་ཚངས་སྤྱོད་སྤོང་དཀའ་བར་དགོངས་པའོ།། རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱིས། ལོག་གཡེམ་ཤིན་ཏུ་དམད་ཕྱིར་དང་། །སླ་ཕྱིར་མི་བྱེད་ཐོབ་ཕྱིར་རོ། །ཞེས་གསུངས་པ་བཞིན། འདོད་ལོག་སྤོང་བ་ལས་སླ་བར་དགོངས་ནས་ཁྱིམ་པ་རྣམས་ཀྱི་ལག་ལེན་དུ་གསུངས་པས་ཚན་རིག་འཕེལ་རྒྱས་སུ་ཕྱིན་པའི་དེང་གི་དུས་འདིར་ཚང་མས་ནང་བསྟན་གྱི་ཉམས་ལེན་སྣ་གཅིག་ལ་ཞིབ་འཇུག་དང་དེའི་ཕན་འབྲས་ཤེས་ན། ད་གཟོད་ནང་ཆོས་སྤྱིའི་ཕན་འབྲས་དང་དེས་བདེ་སྐྱིད་ཇི་ལྟར་སྟེར་ཐུབ་མིན་གཞི་ནས་དཔོག་ཐུབ།  

དྲུག་པ། འདུལ་ཁྲིམས་ནི་དགོན་སྡེ་དང་རབ་བྱུང་བ་ཁོ་ནས་སྲུང་བ་ཙམ་མ་ཡིན་པར་དེང་སྐབས་དགོས་ངེས་ཀྱི་སློབ་གསོ་ཞིག་ཏུ་བལྟ་བ། 

སྤྱིར་ན་འདུལ་ཁྲིམས་ཞེས་པ་སྟོན་པ་ཤཀྱཱ་ཐུབ་པའི་དམ་ཆོས་འདུལ་བ་ནས་གསུངས་པའི་བསླབ་བྱ་སྟེ། དགག་སྒྲུབ་གཉིས་ནས་གསུངས་པའི་ཀུན་སྤྱོད་སོགས་སྟོན་པའི་ཁྲིམས་ཞིག་ལ་འདུལ་ཁྲིམས་ཟེར་བ་ཞིག་ཡིན་ཀྱང་དེང་ལྟ་བུར་ཀུན་སྤྱོད་སློབ་གསོ་སྟོན་པའི་གཞུང་ལུགས་ཞིག་རེད།  དེ་ལ་སངས་རྒྱས་ཀྱིས་གསུངས་པ་འདུལ་བ་པོ་ཏི་བཅུ་གསུམ་དང་།  རྗེས་འཇུག་པ་རྣམས་ཀྱིས་བརྩམས་པ།  དཔེར་ན་རྒྱ་གར་སློབ་དཔོན་ཡོན་ཏན་འོད་ཀྱིས་བརྩམས་གནང་བའི་འདུལ་བ་མདོ་རྩ་བ་སོགས་དང་། ཤཀྱཱ་འོད་ཀྱིས་སུམ་བརྒྱ་པ་སོགས་ལྟ་བུ་ཡོད་པ་ནི། དེང་རབས་མིའི་ཀུན་སྤྱོད་ལ་སྨན་པའི་དགོས་མཁོ་ངེས་པར་ཅན་ཞིག་རེད། དཔེར་ན། དེའི་ནང་འགྲོ་ལུགས། སྡོད་ལུགས། ཟས་ཟ་ལུགས་སོགས་ཤིན་ཏུ་ཞིབ་ཕྲ་ཡོད་པས་འདུལ་ཁྲིམས་ནི་དགོན་པ་ཞིག་གི་སྲུང་བྱ་དང་། འདུལ་གཞུང་ནི་གྲྭ་བཙུན་གྱིས་བལྟ་བྱ་ཞིག་ཏུ་འདོད་པ་ནི་ནོར་བ་རེད།

མཇུག་བསྡུ་བ། 

རང་ཉིད་ནང་པའི་ཆོས་པར་ཁས་འཆེ་བ་ཞིག་ཡིན་པའི་ངོས་ནས། དེང་དུས་ཀྱི་འཛམ་གླིང་འདིའི་དོ་མཉམ་མེད་པའི་སྣང་ཚུལ་དག་སྙོམས་སྒྲིག་བྱ་དགོས་ན། ཚང་མས་ནང་བསྟན་གྱི་སློབ་གསོར་བརྟེན་དགོས་པའི་གནས་ལུགས་ཤེས་རྒྱུར་རེ་བ་ཆེན་པོའི་སྒོ་ནས། འགྲོ་བའི་སྤྱི་ཚོགས་ལ་གནོད་པའི་རིགས་མཐའ་དག་མིང་གི་ལྷག་མར་གྱུར་ཅིང་འདོད་དོན་བགེགས་མེད་དུ་འགྲུབ་ཅིང་མི་ཚེའི་མདུན་ལམ་ནམ་ཡང་སྤྲོ་སྐྱིད་ཀྱི་ཁེངས་པར་སྨོན། ཞེས་འོག་མིན་ཨྱོན་སྨིན་གྲོལ་གླིང་གི་གྲྭ་རིགས་སུ་གཏོགས་པ་བཀྲ་ཤིས་དབང་འདུས་ཞེས་འབོད་པ་དེས་བྲིས་པ་དགེའོ། དགེའོ།